ད་ཚུན་གྱི་བར་ན་ ཇ་པཱན་གཞུང་གིས་ སྟབས་གཅིག་ལུ་ གྲོགས་རམ་སྦེ་བྱིན་མི་ འཕྲུལ་ཆས་ཀྱི་རིགས།

ཇ་པཱན་ལས་ འབྲུག་ལུ་ དངུལ་ཀྲམ་ས་ཡ་༣༦༨ གནས་པའི་འཕྲུལ་ཆས་གྲོགས་རམ།

༉ ཁ་ཙ་ བུམ་ཐང་འཕྲུལ་ཆས་ལྟེ་བ་ནང་སྦེ་ ཇ་པཱན་གྱིས་ འབྲུག་ལུ་ དངུལ་ཀྲམ་ས་ཡ་༣༦༨ གནས་པའི་ བཟོ་སྐྲུན་འཕྲུལ་ཆས་ཚུ་ གྲོགས་རམ་སྦེ་ བྱིན་ཡོདཔ་ཨིན་པས།
འཕྲུལ་ཆས་ཚུ་ཡང་ འབྲུག་ལུ་ ཇ་པཱན་གྱི་གཞུང་ཚབ་ ཀེན་ཇི་ ཧི་ར་མ་ཙུ་གིས་ སོ་ནམ་བླན་པོ་ ཡེ་ཤེས་རྡོ་རྗེ་ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།
ད་རེས་ཀྱི་ འཕྲུལ་ཆས་གྲོགས་རམ་དེ་ཡང་ ཐེངས་༣ པ་ཨིནམ་ད་ དེ་ནང་ ཨེགསི་ཀེ་བེ་ཊར་དང་ ཧའི་ཌོ་ལིག་ བེ་རེ་ཀར་དང་ ཨེ་ཡར་ཀམ་པེ་རེ་སར་༣༠ རེ་ ཇཱེག་ཧེ་མར་༦༠ བེ་ཁོའི་ལོ་ཌར་༢༠ མར་ཁུ་ཊེང་ཀར་༡ སེལཕི་ལོ་ཌར་ཊཱག་༢ ཕོརཀ་ལིཕཊི་༢ ཊཱག་ཆུང་བ་དང་ ཝེལ་ཌིང་འཕྲུལ་ཆས་༣ རེ་ ཀེ་ལི་བེ་རེ་ཊར་ ཊེསི་ཊར་༡ ཡོདཔ་ཨིན་པས།
ཇ་པཱན་གྱིས་ འཕྲུལ་ཆས་ལག་ལེན་སྦྱོང་བརྡར་གྱི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༣.༤ བཏང་ཡོདཔ་ད་ དངུལ་ཀྲམ་ས་ཡ་༧༡.༤༧ གནས་པའི་ ཅ་ཆས་སོར་ཐེབས་ཚུ་ཡང་ གྲོགས་རམ་སྦེ་ བྱིན་ཡོདཔ་ཨིན་པས།
དེ་ཚུ་ ག་ར་བསྡོམས་ད་ ཟད་འགྲོ་དངུལ་ཀྲམ་ས་ཡ་༤༤༣ གནས་པའི་ གྲོགས་རམ་ལས་འགུལ་ཨིནམ་ད་ ད་ལྟོ་ཚུན་ ཇ་པཱན་ལས་ སོ་ནམ་དང་ནགས་ཚལ་ལྷན་ཁག་ནང་ གྲོགས་རམ་སྦོམ་ཤོས་ཅིག་ཨིན་པས།
ཁ་ཙ་ འཕྲུལ་ཆས་ཚུ་ རྩིས་ལེན་པའི་སྐབས་ སོ་ནམ་བློན་པོ་གིས་ བཤད་མིའི་ནང་ ད་རེས་ཐོབ་མི་ འཕྲུལ་ཆས་ཚུ་ འབྲུག་པའི་གྲོང་གསེབ་ སོ་ནམ་པ་ཚུ་གིས་ ད་ལྟོ་དང་ མ་འོངས་ཀྱི་དོན་ལུ་ ལག་ལེན་འཐབ་འོང་ཟེར་ཨིན་པས།
ཇ་པཱན་དེ་ འབྲུག་གི་ གོང་འཕེལ་མཉམ་འབྲེལ་བ་ སྦོམ་ཤོས་ཅིག་ཨིནམ་བཞིན་དུ་ དམིགས་བསལ་དུ་ སོ་ནམ་གོང་འཕེལ་གྱི་ཐད་ལུ་ རྒྱ་ཆེ་དྲགས་སྦེ་ར་ གྲོགས་རམ་འབད་དེ་ ཡོད་ཟེར་ཨིན་པས།

སོ་ནམ་བློན་པོ་ཡེ་ཤེས་རྡོ་རྗེ་དང་ ཇ་པཱན་གྱི་གཞུང་ཚབ་ ཀེན་ཇི་ཧི་ར་མ་ཙུ་གི་བར་ན་ འཕྲུལ་ཆས་ཡིག་ཆ་རྩིས་ལེནའབད་བའི་བསྒང།

དེ་མ་ཚད་ ཇ་པཱན་གྱིས་ ཤིང་ཐོག་ལྡུམ་ར་དང་ སོ་ནམ་ དེ་ལས་ ཞིབ་འཚོལ་ཚུ་གི་ཐད་ལུ་ གྲོགས་རམ་འབད་མི་གིས་ གྲོང་གསེབ་ཀྱི་ དབུལ་ཕོངས་དཀའ་ངལ་ཡང་ མར་ཕབ་འབད་ཚུགས་ཏེ་ ཡོད་ཟེར་ཨིན་པས།
གྲོགས་རམ་ཐེངས་དང་པ་དང་ གཉིས་པའི་སྐབས་ཡང་ ཇ་པཱན་གྱིས་ ཨེགསི་ཀེ་བེ་ཊར་༣༥ དང་ བཱུལ་ཌོ་ཛར་༥ ཌམཔ་ཊཱག་༥ ཝའི་བེ་རེ་ཤཱན་རོ་ལཱར་༡༠ ཊེ་ལར་༢ ཀེ་རེན་ཊཱག་༢ དེ་ལས་ གཞན་ཡང་ འཕྲུལ་ཆས་ལེ་ཤ་ཅིག་ར་ བྱིན་ཡོདཔ་མ་ཚད་ ལམ་སེལ་གྱི་ཐད་ལུ་ ལྕོགས་གྲུབ་གོང་འཕེལ་གྱི་ རྒྱབ་སྐྱོར་ཡང་ གནང་སྟེ་ཡོད་ཟེར་ཨིན་པས།
འཕྲུལ་ཆས་དེ་ཚུ་ལུ་བརྟེན་ དུས་ཅི་ སྤྱི་ཟླ་༦ པ་ཚུན་ལུ་ ལྷན་ཁག་གིས་ སོ་ནམ་ཞིང་ལམ་ ཀི་ལོ་མི་ཊར་༢,༡༣༦ གསརཔ་སེལ་བའི་ཁར་ ཀི་ལོ་མི་ཊར་༡,༤༨༣ ཉམས་བཅོས་འབད་ཡོདཔ་ཨིན་པས།
ད་རེས་ཀྱི་ གྲོགས་རམ་ལས་རིམ་ཐོག་གི་ འཕྲུལ་ཆས་ཚུ་གིས་ ད་ལྟོའི་འཆར་ལོ་ རྐྱངམ་གཅིག་ནང་ར་ ཞིང་ལམ་ཀི་ལོ་མི་ཊར་༤༥༧ སེལ་ཚུགས་ཟེར་ སོ་ནམ་བློན་པོ་གིས་ བཤད་ནུག།
དེ་བཟུམ་མའི་ གྲོགས་རམ་ལུ་བརྟེན་ རྒྱལ་ཁབ་ནང་ བཟའ་འཐུང་གི་ ཉེན་སྲུང་གོང་འཕེལ་གཏང་ནི་དང་ དབུལ་ཕོངས་ཀྱི་དཀའ་ངལ་ མར་ཕབ་འབད་ཚུགས་ཟེར་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *