བློན་ཆེན་ཚེ་རིང་སྟོབས་རྒྱས་དང་ ཇ་པཱན་གྱི་བློན་ཆེན་ ཤིང་ཟོ་ཨེ་བི་རྣམ་གཉིས་ལྷན་བཞུགས།

ཇ་པཱན་གྱིས་ འབྲུག་ལུ་ ཇ་པཱན་སྐད་ཡིག་བརྟག་དཔྱད་དང་ སྐེད་བཤེད་ལྟེ་བ་གཞི་བཙུགས་ཀྱི་རྒྱབ་སྐྱོར།

ཇ་པཱན་གཞུང་གིས་ འབྲུག་གི་ན་གཞོན་ཚུ་ལུ་ ལཱ་གཡོག་གི་ གོ་སྐབས་ཚུ་ ཡར་དྲག་གཏང་ཐབས་ལུ་ འབྲུག་རྒྱལ་ཁབ་ནང་ ཇ་པཱན་སྐད་ཡིག་ཞུན་དག་གི་ བརྟག་དཔྱད་ལྟེ་བ་ཅིག་ གཞི་བཙུགས་འབད་ནི་ལུ་ རྒྱབ་སྐྱོར་འབད་ནི་ཨིན་པས།

དེ་ཡང་ ཇ་པཱན་གྱི་བློན་ཆེན་ ཤིང་ཟོ་ཨེ་བི་གིས་ སྤྱི་ཟླ་༤ པའི་ཚེས་༡༡ ལུ་ རྒྱལ་ས་ཊོ་ཀི་ཡོ་ལུ་ བློན་ཆེན་ཚེ་རིང་སྟོབས་རྒྱས་དང་ གསུང་གྲོས་གནངམ་ད་ གསལ་བསྒྲགས་གནང་ཡི་ཟེར་ ཕྱི་འབྲེལ་ལྷན་ཁག་ལས་ གནས་ཚུལ་གསར་བཏོན་འབད་མིའི་ནང་བཀོད་ནུག།

དེ་མ་ཚད་ ཇ་པཱན་གྱི་ བློན་ཆེན་གྱིས་ འབྲུག་ལུ་ ཇུ་དོ་ཟེར་མི་ སྐེད་བཤེད་ལྟེ་བ་ཅིག་ བཟོ་སྐྲུན་འབད་ནིའི་དོན་ལས་ ཇ་པཱན་གྱིས་ རྒྱབ་སྐྱོར་འབད་ནི་གི་ གསལ་བསྒྲགས་ཡང་གནང་ནུག།

ཇ་པཱན་གཞུང་གི་ མགྲོན་བརྡ་དང་འཁྲིལ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ སྤྱི་ཟླ་༤ པའི་ཚེས་༡༠ ལས་༡༣ ཚུན་ ཉིན་གྲངས་༤ གི་རིང་ ཇ་པཱན་ལུ་ གཞུང་འབྲེལ་གཟིགས་སྐོར་ཡོདཔ་ཨིན་པས།

དབུ་ཁྲིད་ཞལ་འཛོམས་སྐབས་ བློན་ཆེན་༢ ཀྱིས་ ཟུང་ཕྱོགས་མཐུན་འབྲེལ་དང་ ལུང་ཕྱོགས་དང་ རྒྱལ་སྤྱིའི་གནད་དོན་དང་ ཚ་གྱང་ཚུ་གི་སྐོར་ལས་ གསུང་གྲོས་གནང་ཡོདཔ་ཨིན་པས།

དེ་བསྒང་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ཇ་པཱན་གྱི་ བློན་ཆེན་ཨེ་བི་ལུ་ ཇ་པཱན་གྱི་གྲོགས་རམ་ལུ་བརྟེན་ འབྲུག་གི་ལོ་ལྔའི་འཆར་གཞི་༡༡ པ་དེ་ མཐར་འཁྱོལ་ཅན་སྦེ་ ལག་ལེན་འཐབ་ཚུགས་མི་དེ་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་ བཤད་ཡོདཔ་མ་ཚད་ སོ་ནམ་དང་ སོ་ནམ་འཕྲུལ་ཆས་ གཞི་རྟེན་གོང་འཕེལ་ གསོ་བ་ ཤེས་རིག་ མི་སྟོབས་གོང་འཕེལ་ བརྡ་དོན་འཕྲུལ་རིག་ གྲོང་གསེབ་གོང་འཕེལ་ ལཱ་གཡོག་ཚུ་ནང་ འཕྲོ་མཐུད་དེ་ར་ རྒྱབ་སྐྱོར་གནང་དགོ་པའི་ ཞུ་བ་འབད་ནུག།

བློན་ཆེན་ཨེ་བི་གིས་འབད་བ་ཅིན་ ཇ་པཱན་དང་ འབྲུག་གི་མཐུན་འབྲེལ་དེ་ འདས་པའི་ལོ་ངོ་ཚུ་ནང་ ཡ་མཚན་ཆེ་ཏོག་ཏོ་སྦེ་ གོང་འཕེལ་སོང་ཡོདཔ་བཞིན་དུ་ འབྲུག་ལུ་ ཇ་པཱན་གྱི་རྒྱལ་སྲསམོ་ མ་ཀོ་གིས་ གཟིགས་སྐོར་གནང་མི་དང་ སྤྱི་ལོ་༢༠༡༡ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཇ་པཱན་ལུ་ ཆིབས་སྐྱོད་གནང་ཡི་ཟེར་ཨིན་པས།

ཇ་པཱན་གྱི་ བློན་ཆེན་གྱི་ ཁ་ཐུག་ལས་ འབྲུག་གི་མི་སྡེ་དཔལ་འབྱོར་ གོང་འཕེལ་ལུ་མཁོ་བའི་ རྒྱབ་སྐྱོར་ཚུ་ འཕྲོ་མཐུད་དེ་ར་ འབད་ནི་གི་ ཁས་ལེན་གནང་ཡོདཔ་ཨིན་པས།

དབུ་ཁྲིད་ཞལ་འཛོམས་ཀྱི་ཤུལ་ལས་ བློན་ཆེན་ཨེ་བི་དང་ ཨམ་ཨ་ཀི་ཨེ་བི་གིས་ བློན་ཆེན་དང་ ཨམ་བཀྲིས་སྒྲོལ་མ་ལུ་ ཚོགས་སྟོན་ཅིག་ འགོ་འདྲེན་འཐབ་ནུག།

ཇ་པཱན་ལུ་ གཞུང་བཞུགས་རིང་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ མི་དབང་བརྒྱུད་འཛིན་རྒྱལ་སྲས་ ན་རུ་ཧི་ཏོ་དང་ དེ་ལས་ ཨ་ཀི་ཤི་ནོའི་ སྲས་སྲོས་དང་ རྒྱལ་སྲསམོ་མ་ཀོ་རྣམ་དང་ མཇལ་ཕྲད་ཞུ་ཡོདཔ་ནུག།

དེ་མ་ཚད་ བློན་ཆེན་གྱིས་ གསོ་བ་དང་ ལས་མི་ ཕན་བདེ་བློན་པོ་ ཀ་ཙུ་ནོ་བུ་ཀ་ཏོ་དང་ སོ་ནམ་དང་ ནགས་ཚལ་ ཉ་གསོ་སྐྱོང་བློན་པོ་ ཀེན་སའི་ཏོ་དང་ མཇལ་ཕྲད་གནང་ནུག།

སྤྱི་ཟླ་༤ པའི་ཚེས་༡༢ ལུ་ བློན་ཆེན་གྱིས་ ཕུ་ཀུ་ཤི་མ་ལུ་ སོ་མ་ཁྲོམ་སྡེ་ནང་བྱོན་ཏེ་ ཕུ་ཀུ་ཤི་མའི་ཁྲོམ་དཔོན་ལུ་ རབ་གནས་ཕུལ་ཡོད་པའི་ ཐང་སྟོང་རྒྱལ་པོའི་སྐུ་འདྲ་ཅིག་ རྩིས་སྤྲོད་གནང་མི་དེ་ཡང་ སྐུ་འདྲ་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སོ་མ་ཁྲོམ་སྡེའི་ མི་སེར་ཚུ་ལུ་ གནང་བྱིན་སྦེ་ བཀའ་ཤོག་དང་སྦྲགས་ གནང་ཡོདཔ་ཨིན་པས།

དེ་གི་ཧེ་མར་ བློན་ཆེན་གྱིས་ ཇ་པཱན་ལུ་ འབབ་ཁུངས་བཟོ་ནི་དང་འབྲེལ་ ལྷབ་སྦྱང་ལས་རིམ་འོག་ལུ་ ཇ་པཱན་སྐད་ཡིག་ལྷབ་མི་ འབྲུག་པའི་ན་གཞོན་ཚུ་དང་ མཇལ་ཕྲད་གནང་ནུག།

གནས་ཚུལ་གསར་བཏོན་ནང་ བློན་ཆེན་མཆོག་ ཇ་པཱན་ལུ་ གཟིགས་སྐོར་གནང་པར་ བྱོན་མི་དེ་ཡང་ ཇ་པཱན་གྱི་ཁ་ཐུག་ལས་ འབྲུག་ལུ་ མཉམ་འབྲེལ་དང་ བརྩེ་བའི་གྲོགས་རམ་འབད་མི་ལུ་ བློན་ཆེན་ཤིན་ཟོ་ཨེ་བི་གིས་གཙོས་པའི་ ཇ་པཱན་གཞུང་དང་ མི་སེར་ཚུ་ལུ་ བཀྲིན་དགའ་ཚོར་ཞུ་ནིའི་དོན་ལུ་ཨིན་ཟེར་བཀོད་ནུག།

བློན་ཆེན་དང་ཕྱག་ཞུ་སྟེ་ ཕྱི་འབྲེལ་བློན་པོ་ དམ་ཆོས་རྡོ་རྗེ་དང་ ཇ་པཱན་ལུ་ འབྲུག་གི་གཞུང་ཚབ་ གུང་བློན་འོགམ་ བྲེ་སྲང་རྣམ་རྒྱལ་ ལས་མི་དྲུང་ཆེན་ བསོད་ནམས་དབང་ཕྱུག་ ཟུང་ཕྱོགས་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ སྐལ་བཟང་དབང་འདུས་ དེ་ལས་ གཞུང་གི་ཆེ་མཐོའི་འགོ་དཔོན་གཞན་ཚུ་ སོང་ཡོདཔ་ད་ བློན་ཆེན་དང་ འཐུས་མི་སྡེ་ཚན་དེ་ ནངས་པར་ རྒྱལ་ཁབ་ནང་ ལོག་ཕེབས་ནི་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *