ཇ་པཱན་ལུ་ འབྲུག་གི་གཞུང་ཚབ་ བི་རྣམ་རྒྱལ་དང་ འབྲུག་ལུ་ ཇ་པཱན་གྱི་གཞུང་ཚབ་ ཀེན་ཇི་ ཧི་ར་མ་ཙུ་༢ ཀྱི་བར་ན་ གྲོགས་རམ་ཡིག་ཆ་བརྗེ་སོར་འབད་བའི་བསྒང་།

ཇ་པཱན་གཞུང་གིས་ འབྲུག་གི་ལས་འགུལ་༤ ལུ་ ཡཱན་ས་ཡ་༡,༠༠༤ གྲོགས་རམ།

༉ ཁ་ཙ་ འབྲུག་དང་ ཇ་པཱན་གཞུང་གིས་ ཇ་པཱན་གཞུང་འབྲེལ་གོང་འཕེལ་ གྲོགས་རམ་ལས་འཆར་གྱི་ཐོག་ལུ་ མ་དངུལ་ཡཱན་ས་ཡ་༡,༠༠༤ འབད་མི་ གྲོགས་རམ་ལས་འགུལ་༤ གི་ ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས།
དེ་ཡང་ རྒྱ་གར་གྱི་རྒྱལ་ས་ ནིའུ་ལྡི་ལི་ལུ་ ཇ་པཱན་གཞུང་ཚབ་ལས་ཁང་ནང་སྦེ་ ཇ་པཱན་ལུ་ འབྲུག་གི་གཞུང་ཚབ་ བི་རྣམ་རྒྱལ་དང་ འབྲུག་ལུ་ ཇ་པཱན་གྱི་གཞུང་ཚབ་ ཀེན་ཇི་ ཧི་ར་མ་ཙུ་༢ ཀྱིས་ མཚན་རྟགས་བཀོད་དེ་ ཡིག་ཆ་ཚུ་ བརྗེ་སོར་འབད་ནུག།
ལས་འགུལ་ཁག་༤ གི་གྲས་ལས་ རྐྱེན་ངན་ལུ་ གདོང་ཐུབ་ཚུགས་པའི་ གློ་བུར་འགྲུལ་འཕྲིན་ཡོངས་འབྲེལ་ བཟོ་སྐྲུན་གྱི་དོན་ལུ་ ཡཱན་ས་ཡ་༩༧༩ དེ་ཅིག་ བྱིན་ནི་གི་ ཡིག་ཆ་བརྗེ་སོར་འབད་ཡོདཔ་བཞིན་དུ་ མ་དངུལ་དེ་གི་ཐོག་ལས་ བུམ་ཐང་ལུ་ རྒྱལ་ཡོངས་ལུ་ ཁྱབ་ཚུགས་པའི་ འགྲུལ་འཕྲིན་ཡོངས་འབྲེལ་གྱི་ ལྷན་ཐབས་ལམ་ལུགས་ བཟོ་སྐྲུན་འབད་འོང་ཟེར་ ཕྱི་འབྲེལ་ལྷན་ཁག་ལས་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
གྲོང་གཡུས་གནས་རིམ་གྱི་ སྐྱེ་བོ་ཉེན་སྲུང་ལས་འགུལ་ཚུ་གི་འོག་ལུ་ ལས་འགུལ་ཁག་༣ གྱི་ ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོད་མི་དེ་ཡང་ མ་དངུལ་གྲོགས་རམ་ ཡཱན་ས་ཡ་༨.༣ དེ་ཅིག་གི་ཐོག་ལས་ བཀྲིས་གཡང་རྩེ་འཇམ་མཁར་རྒེད་འོག་ནང་ ཆུ་གཡུར་ལོག་བཟོ་སྐྲུན་འབད་ནི་ཨིན་པས།
ད་རུང་ བཀྲིས་གཡང་རྩེ་རྫོང་ཁག་ནང་ར་ རང་ལུགས་དལ་ཤོག་བཟོ་ཁང་གི་དོན་ལས་ སྤྱི་མཐུན་མཐུན་རྐྱེན་ལྟེ་བ་རྐྱབ་ནིའི་དོན་ལུ་ མ་དངུལ་ཡཱན་ས་ཡ་༨.༢ བྱིན་ནི་ཨིནམ་བཞིན་དུ་ མ་དངུལ་དེ་གི་ཐོག་ལས་ ལྟེ་བ་དེ་ནང་ ཐོན་སྐྱེད་འགྲེམས་སྟོན་དང་ བཙོང་ཁང་ཅིག་ བཟོ་སྐྲུན་འབད་ནི་ཨིནམ་མ་ཚད་ དལ་ཤོག་བཟོ་སའི་ བྱ་རིམ་ལུ་ ལྟ་སྐོར་འབད་ས་དང་ ལས་བྱེདཔ་ཚུ་ལུ་ ལཱ་འབད་སའི་ ས་ཁོངས་ཉེན་སྲུང་དང་ལྡནམ་སྦེ་ བཟོ་ནི་ཨིན་པས།
དེ་ལས་ ཐིམ་ཕུག་ལྕང་ཇི་ཇི་ལུ་ སྨན་བཅོས་ཁང་རྐྱབ་ནིའི་དོན་ལུ་ ཇ་པཱན་གཞུང་གིས་ མ་དངུལ་གྲོགས་རམ་ ཡཱན་ས་ཡ་༨.༡ དེ་ཅིག་ བྱིན་ནི་ཨིནམ་ད་ དེ་ཡང་ ད་ལྟོ་ཡོད་མི་ སྨན་བཅོས་ཁང་དེ་ རྒྱ་སྐྱེད་འབད་ནི་དང་ སྨན་ཁབ་རྐྱབ་ནི་ ཨ་ལོ་སྐྱེས་ནི་ དེ་ལས་ གཟུགས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ བསླབ་བྱ་ལ་སོགས་པའི་ སྨན་བཅོས་ཞབས་ཏོག་ཚུ་ མཁོ་སྤྲོད་འབད་ཐབས་ལུ་ཨིན་པས།
གྲོགས་རམ་ལས་འགུལ་ཚུ་གི་ ཆིངས་ཡིག་གུ་ མཚན་རྟགས་བཀོད་པའི་སྐབས་ འབྲུག་གི་གཞུང་ཚབ་ བི་རྣམ་རྒྱལ་གྱིས་ ཇ་པཱན་གཞུང་ལས་ འབྲུག་གི་མི་སྡེ་དཔལ་འབྱོར་གོང་འཕེལ་གྱི་དོན་ལུ་ བརྩེ་བའི་གྲོགས་རམ་དང་ རྒྱབ་སྐྱོར་བྱིན་མི་དེ་ལུ་ འབྲུག་གཞུང་གི་ཧོངས་ལས་ ངལ་རངས་ཡོད་ལུགས་ བཤད་ཡོདཔ་ཨིན་པས།
ཇ་པཱན་གྱི་གཞུང་ཚབ་ ཀེན་ཇི་ ཧི་ར་མ་ཙུ་གིས་ཡང་ ཇ་པཱན་གྱི་ཁ་ཐུག་ལས་ ལས་འགུལ་ཆུང་བ་ལས་འགོ་བཙུགས་ སྦོམ་ཚུན་ཚོད་ དགོས་མཁོ་དང་འཁྲིལ་ འབྲུག་གི་མི་སྡེ་དཔལ་འབྱོར་གོང་འཕེལ་ལུ་ འཕྲོ་མཐུད་དེ་ར་ ལྷན་ཐབས་འབད་ནི་གི་ རེ་བ་ཡོད་ལུགས་བཤད་ནུག།
ནིའུ་ལྡི་ལི་ལུ་ ཡིག་ཆ་ཚུ་ལུ་ མཚན་རྟགས་བཀོད་མི་དང་འཁྲིལ་ ད་ལས་ཕར་ གྲོགས་རམ་གྱི་གན་ཡིག་གུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་ དྲུང་ཆེན་དང་ ཐིམ་ཕུག་ལུ་ཡོད་མི་ ཇའི་ཀ་ཡིག་ཚང་གི་ སྐུ་ཚབ་གཙོ་འཛིན་༢ ཀྱི་བར་ན་ མཚད་རྟགས་བཀོད་གནང་ནི་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *