ཆོས་སྒོར་ཞུགས་མིའི་གྲངས་སུ་ ག་དང་ག་ཚུདཔ་ཨིན་ན?

༉ འཕྲལ་ཁམས་ཅིག་ཁར་ ཐིམ་ཕུག་ལུ་ ཉིན་གྲངས་གསུམ་གྱི་རིང་ རྫོང་ཁའི་གྲོས་ཚོགས་འགོ་འདྲེན་འཐབ་པའི་སྐབས་ བཅའ་མར་གཏོགས་མི་ཚུ་གིས་ གྲོས་འདེབས་ལེ་ཤ་བཀོད་མིའི་གྲལ་ལས་༡ ནང་པའི་མཐོ་རིམ་སློབ་གྲྭ་ཚུ་ལས་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་མི་ཚུ་ བཙག་འཐུ་ནང་ བཅའ་མར་གཏོགས་ཆོགཔ་ བཟོ་ནིའི་དོན་ལུ་ སྲིད་བྱུས་བསྒྱུར་བཅོས་གནང་དགོཔ་སྦེ་ཨིན་མས།

འདི་བཟུམ་མའི་ གྲོས་འདེབས་བཀོད་མི་དེ་ཡང་ ནང་པའི་མཐོ་རིམ་ཤེས་ཚད་ཡོད་མི་ཚུ་ བཙག་འཐུ་ནང་ བཅའ་མར་གཏོགས་ཆོགཔ་ བཟོ་བ་ཅིན་ རྫོང་ཁའི་ཤེས་ཡོན་ལྷབ་འདོད་ཡོད་མི་ཚུ་ལུ་ བློ་སྟོབས་དང་ སྤྲོ་བ་བསྐྱེད་ཐེབས་འབྱུང་ནི་ཨིནམ་ལས་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་མི་ཉམས་གོང་འཕེལ་དང་ དར་ཁྱབ་གཏང་ནི་ལུ་ ལྷན་ཐབས་འབྱུང་ནི་གི་ འོས་འབབ་ཡོད་མི་ལུ་བརྟེན་ཨིན་མས།

ཨིན་རུང་ ང་བཅས་ཀྱིས་ རྒྱལ་ཡོངས་ཚོགས་སྡེ་དང་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་འབད་མི་དེ་ རྫོང་ཁ་གོང་འཕེལ་གཏང་ནིའི་དོན་ལུ་རྐྱངམ་གཅིག་མེན་པར་ རྒྱལ་ཁབ་ཀྱི་ འཕྲལ་ཕུགས་གཉིས་ཆ་རའི་ མཐའ་དོན་ཚུ་ལུ་ མནོ་བསམ་གཏང་དགོ།

འབྲུག་གི་རྩ་ཁྲིམས་ཆེན་མོ་དང་ ཆོས་སྡེ་ལྷན་ཚོགས་ཀྱི་ བཅའ་ཁྲིམས་ནང་ཡང་ རྒྱལ་ཁབ་ཀྱི་ སྲོལ་རྒྱུན་གྱི་ ཆོས་ཡར་སྤེལ་མཛད་ནི་འདི་ ཆོས་སྡེའི་གཙུག་སྡེ་དང་ ཆོས་སྒོར་ཞུགས་མི་ཚུ་གི་ འགན་ཁག་ཨིན་པའི་ཁར་ འབྲུག་ལུ་ཆོས་འདི་ སྲིད་དོན་དང་ ཐ་དད་གནས་དགོ་མི་ལུ་བརྟེན་ ཆོས་སྡེའི་གཙུག་སྡེ་དང་ ཆོས་སྒོར་ཞུགས་མི་ཚུ་ སྲིད་དོན་ལས་འདས་པའི་ ཡུལ་ལུ་གནས་དགོཔ་སྦེ་ ཚུད་དེ་ཡོདཔ་ཨིན།

མ་གཞི་ རྒྱལ་ཡོངས་ཚོགས་སྡེ་དེ་ སྲིད་དང་ འབྲེལ་བ་མེད་པའི་ རྒྱལ་ཁབ་ཀྱི་ བསྐྱར་ཞིབ་ཚོགས་ཁང་ཅིག་ཨིན་རུང་ ཆོས་སྒོར་ཞུགས་མི་ཚུ་གི་ འགན་ཁུར་སོ་སོར་ཡོད་མི་ལུ་བརྟེན་ ད་ལྟོ་ འུར་བྱེལ་སྦོམ་ལང་པའི་བསྒང་ཡོད་མི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ ནང་པའི་མཐོ་རིམ་ཤེས་ཚད་ཡོད་མི་ཚུ་ འདེམས་ངོ་སྦེ་ བཅའ་མར་གཏོགས་ནི་ལས་ བཀག་འཛིན་འབད་ཡོདཔ་མ་ཚད་ ནང་པའི་ཤེས་ཚད་ལག་ཁྱེར་དེ་ར་ ངོ་སྦྱོར་འབད་མ་བཏུབ་པས།

བཙག་འཐུ་ནང་ འདེམས་ངོ་སྦེ་ བཅའ་མར་གཏོགས་མ་ཆོག་མི་ ཆོས་སྒོར་ཞུགས་མི་ཚུ་ཡང་ རྟ་མགོ་ནང་པའི་མཐོ་རིམ་སློབ་གྲྭ་དང་ སྒང་སྟེང་བཤད་གྲྭ་ དེ་ལས་ བཤད་གྲྭ་གཞན་ལས་ མཐར་འཁྱོལ་མི་ཚུ་ ཚུདཔ་མ་ཚད་ ཕྱིའི་རྒྱལ་ཁབ་ དཔེར་ན་ རྒྱ་གར་ མཱའི་སུར་བཤད་གྲྭ་དང་ ཝ་ར་ན་སི་ དེ་ལས་ ནེ་པཱལ་ལ་སོགས་པའི་ ནང་པའི་གཙུག་ལག་སློབ་སྡེ་ལས་ ལག་ཁྱེར་འཆང་མི་ཚུ་ཨིན་པས།

ནང་པའི་མཐོ་རིམ་སློབ་གྲྭ་དང་ གཙུག་ལག་སློབ་སྡེ་ཟེརཝ་ད་ ལེགས་སྦྱར་ལྷའི་སྐད་ སཾ་ཀྲི་ཏ་གི་ སྐད་ཡིག་ཡོད་པའི་མཐོ་རིམ་སློབ་གྲྭ་དང་ གཙུག་ལག་སློབ་སྡེ་ཚུ་ཡང་ ཚུད་ནི་ཨིནམ་ལས་ ཁོང་གིས་ཡང་ བཙག་འཐུ་ནང་ བཅའ་མར་གཏོགས་མི་ཆོག་ནི་ཨིན་མས།

བཙག་འཐུའི་བཅའ་ཁྲིམས་ནང་ ཆོས་སྡེ་དེ་ སྲིད་དོན་ལས་ཐ་དད་ཨིནམ་མ་ཚད་ ནང་པའི་མཐོ་རིམ་སློབ་གྲྭ་དང་ གཙུག་ལག་སློབ་སྡེ་ཚུ་ལས་ ཤེས་ཡོན་སྦྱངམ་ད་ སངས་རྒྱས་ཀྱི་ ན་བཟའ་བཞེས་ནི་དེ་གིས་ ཆོས་སྒོར་ཞུགས་མི་གྲངས་སུ་ བརྩི་འཇོག་འབད་དོ་ཡོདཔ་ལས་ སངས་རྒྱས་ཀྱི་ ན་བཟའ་བཞེས་མི་ཚུ་ ཚོགས་རྒྱན་བཙུགས་མི་སྦེ་ ཐོ་བཀོད་འབད་མི་ཐོན་རུང་ བཙག་འཐུ་ལྷན་ཚོགས་ཀྱིས་ ངོས་ལེན་འབད་ནི་མེདཔ་ཨིན་མས།

འདི་འབདཝ་ད་ ད་རེས་ནངས་པར་ མི་ཚུ་ལུ་ མགུ་འཐོམ་བྱུང་མི་དེ་ གཙོ་བོ་ར་ ཆོས་སྒོར་ཞུགས་མི་ག་བཟུམ་ལུ་ སླབ་ཨིན་ན་ དབྱེ་བ་ཕྱེ་མ་ཚུགས་མི་ལུ་བརྟེན་ཨིནམ་ད་ དེ་ཡང་ ནང་པའི་མཐོ་རིམ་སློབ་གྲྭ་དང་ གཙུག་ལག་སློབ་སྡེ་ནང་ ཆོ་ག་ཕྱག་ལེན་མེན་པར་ ནང་པའི་གཞུང་དང་ རིག་གནས་ལ་སོགས་པའི་ ནང་པའི་ཤེས་ཡོན་སྦྱང་མི་ཨིནམ་ལས་ དེ་ཚུ་ ཆོས་སྒོར་ཞུགས་མི་ཨིནམ་ ག་དེ་སྦེ་ གོ་བ་ལེན་ནི་ཨིན་ན་ ཁ་གསལ་སྦེ་ མེདཔ་ཨིན་མས།

འདི་འབདཝ་ལས་ བཙག་འཐུའི་བཅའ་ཁྲིམས་དང་ སྒྲིག་གཞི་ཚུ་ནང་ ཆོས་སྒོར་ཞུགས་མི་ཚུ་ དབྱེ་བ་ཕྱེ་སྟེ་མེད་པ་ཅིན་ ག་དང་ག་ར་ སྲིད་དོན་ལས་འདས་པའི་ཡུལ་ལུ་ གནས་དགོཔ་ཨིན་ན་ ཁ་གསལ་བཟོ་ནི་དེ་གལ་ཆེ།

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *