མཚམས་ལས་གྲོལ་མི་ མཚམས་པ་ཅིག་གི་ སྦ་སྒོར་ནང་སྡོད་མི་ རིན་ཆེན་དཔལ་མོ།

ཆོས་འབད་འདོད་ཡོད་རུང་ བཟའ་འཐུང་གི་ གདོང་ལེན་བྱུང་སྟེ་ཡོདཔ།

༉ དྲོ་པ་བྱ་པོད་འབོ་མ་རནམ་ཅིག་ཁར་ དགོན་པ་ཅིག་གི་ འོག་ལས་མར་སྡོད་མི་ཚུ་གིས་ སྤྱན་རས་གཟིགས་ཀྱི་ གཟུངས་སྔགས་མ་ཎི་ཡིག་དྲུག་མ་ གདངས་དབྱངས་དང་བཅསཔ་སྦེ་བགྱང་པའི་ སྒྲ་དག་ཏོག་ཏོ་སྦེ་ གོ་ནི་ཡོདཔ་ཨིན་པས།

དེ་བཟུམ་མའི་ ཆོས་ལུ་བསྐུལ་བའི་ གདངས་དབྱངས་འདི་ མོང་སྒར་བཀའ་དམ་དགོན་པ་ལས་ ཉེ་འདབས་ཀྱི་ གཡུས་མི་ཚུ་ལུ་ གོ་ཐོས་བྱུང་སྟེ་ ལོ་ངོ་བཅུ་ཕྲག་༢ ལངམ་ཨིན་པས།

མ་ཎི་བགྱང་མི་དེ་ཡང་ དུས་རྒྱུན་དུ་ རྣམ་གཡེང་མེད་པར་ དགེ་སྦྱོར་ལུ་བརྩོན་སྡོད་མི་ སྐྱེས་ལོ་༧༡ ལང་མི་ རིན་ཆེན་དཔལ་མོ་ཨིནམ་ད་ མོ་ར་ དྲོ་པ་ཧ་སག་ཆུ་ཚོད་༣ དེ་ཅིག་ལས་ལོང་སྟེ་ མཆོད་པ་ཕུལ་ཞིནམ་ལས་ མ་ཎི་བགྱངམ་ཨིན་པས།

རིན་ཆེན་དཔལ་མོ་གིས་ དྲོ་པ་མ་ཎི་བགྱང་ ཉི་མ་དུས་ཚོད་མང་ཤོས་ར་ བཀའ་དམ་དགོན་པའི་ལྷ་ཁང་དང་ མཆོད་རྟེན་ དེ་ལས་ མ་ཎི་གདུང་འཁོར་ལུ་ བསྐོར་ར་རྐྱབ་ཐོག་ལས་ མ་ཎི་བགྱང་སྡོད་སར་ མཐོངམ་ཨིནས།

གཡུས་སྤངས་དགོ་མིའི་རྒྱབ་ཁུངས།

རིན་ཆེན་དཔལ་མོ་དེ་ མོང་སྒར་དགོངས་འདུས་རྒེད་འོག་གི་ མཐའ་ཟུར་གཡུས་ཚན་ པི་ཀ་རི་ལས་ཨིན་རུང་ མོ་རའི་རྨགཔ་ གྱོངས་པའི་ཤུལ་ལུ་ ཚེ་འདས་རྨགཔ་གི་ ཧེ་མའི་བུ་གཞི་ཚུ་གིས་ མོ་ལུ་ བརྩེ་གདུང་ཆུང་མི་ལུ་བརྟེན་ མོང་སྒར་བཀའ་དམ་དགོན་པ་ལུ་ མ་ཎི་བགྱང་སྡོད་ནི་སྦེ་ ཐག་བཅད་ཐོག་ལས་ མོ་རའི་གཡུས་སྤངས་ཏེ་ འོང་ཡི་ཟེར་ མོ་གིས་ བཤདཔ་ཨིན་པས།

མོ་དང་རྨགཔ་གི་བར་ན་ ཨ་ལུ་ཕུད་རྡོག་གཅིག་ཡང་ མ་སྐྱེས་བས།

དེ་བསྒང་ སྐྱེས་ལོ་༥༡ ལང་མི་ རིན་ཆེན་དཔལ་མོ་མོ་ར་ པི་ཀ་རི་གཡུས་ཚན་ལས་ ཉིན་གྲངས་༣ དེ་ཅིག་ རྐང་སྟོང་སྦེ་འོང་སྟེ་ བཀའ་དམ་དགོན་པ་ལུ་ལྷོདཔ་ད་ སྐུ་མཚམས་གྲོལ་མི་ མཚམས་པ་ཅིག་གི་ སྦ་སྒོར་སྟོངམ་ནང་སྡོད་དེ་ མ་ཎི་བགྱང་སྡོད་ཡོདཔ་ཨིན་པས།

ད་རིས་ མོ་གིས་ སྦ་སྒོར་ནང་ གཡུས་ཁར་སྡོད་དོ་བཟུམ་སྦེ་ ཐབ་ནང་མེ་འཕུ་སྟེ་ ལྟོ་འབད་བཟའ་དོ་ཡོདཔ་ལས་ དེང་སང་གི་ གློག་ཆས་ཐོག་ལུ་ བཞེས་སྒོ་འབད་ནིའི་ ཧོད་ཆས་མཁོ་སྒྲུབ་འབད་ནིའི་ ལྕོགས་གྲུབ་མེད་པའི་ཁར་ ལག་ལེན་འཐབ་ནིའི་ སྤྲོ་བ་ཡང་མེདཔ་ཨིན་པས།

མོ་གི་ཐབ་ཚང་ནང་ ཀ་ལ་རྫམ་ཆུང་ཀུ་༣ དེ་ཅིག་དང་ ཐབ་ཆས་དག་པ་ཅིག་ཡོད་པའི་ཁར་ གདན་མལ་ཆ་རྙིངམ་ཚུ་ཡང་ མོ་ར་ལངམ་ཅིག་འདུག།

དེ་འབདཝ་ད་ རིན་ཆེན་དཔལ་མོ་དེ་ དགོན་པ་དེ་ནང་ལྷོདཔ་ད་ མོ་ར་ལུ་ འཚོ་སྐྱོང་གི་ རྒྱབ་སྐྱོར་འབད་མི་མེདཔ་ལས་ མ་ཎི་བགྱང་སྡོད་ནི་ལུ་ དཀའ་སྡུག་དང་ གདོང་ལེན་བྱུང་སྦོམ་བྱུང་ནུག།

མོ་གིས་ འགོ་ཐོག་སྐབས་ ལྷང་རྐྱབ་སྟེ་ འཚོ་བ་སྐྱོང་ཡོད་རུང་ ཡུན་བརྟན་མེདཔ་ལས་ ཉེ་འདབས་ཀྱི་ གཡུས་ཚན་ཚུ་ནང་ ཉིན་བསྟར་གྱི་ གླ་འཐུས་ཐོག་ལུ་ ལཱ་འབད་དེ་ འཚོ་སྐྱོང་འཐབ་སྡོད་དགོཔ་བྱུང་ནུག།

རིན་ཆེན་དཔལ་མོ་གིས་ དྲན་ཚོར་འབད་མིའི་ནང་ དེ་བསྒང་ ཉིན་བསྟར་གྱི་གླ་འཐུས་དངུལ་ཀྲམ་༥༠ རེ་ཐོག་ལུ་ ལཱ་འབད་བའི་ཤུལ་ལས་ དངུལ་ཀྲམ་༨༠ དང་ དེ་ལས་ དངུལ་ཀྲམ་༡༠༠ གུ་ ཡར་སེང་འབད་ཡོདཔ་བཞིན་དུ་ མཇུག་ར་ གླ་ཆ་དངུལ་ཀྲམ་༢༥༠ དེ་ཅིག་ ཐོབ་ཅི་ཟེར་ཨིན་པས།

འཚོ་སྐྱོང་གི་གདོང་ལེན།

ཨིན་རུང་ ད་རེས་ ལོ་ན་ཚོད་རྒས་ནི་དེ་གིས་ ལོ་ངོ་༢ དེ་ཅིག་གི་ཧེ་མ་ལས་ ལཱ་འབད་མ་ཚུགསཔ་ལས་ བཟའ་འཐུང་གིས་ བདའ་ཟུན་མ་ཚུགས་པའི་ དཀའ་ངལ་བྱུང་སྟེ་ཡོདཔ་ད་ ལུས་ཀྱིས་ལྕོགས་པ་ད་ ཉེ་འདབས་ཀྱི་ ཕོ་སོ་རོང་གཡུས་ཚན་ནང་ ཚོད་བསྲེའི་ལཱ་ཚུ་འབད་དེ་ འཚོ་བ་སྐྱོང་སྡོད་ཡོད་རུང་ ད་རིས་ ཐབ་ཤིང་འཐུ་བར་ འགྱོ་ནི་ལུ་ཡང་ ལཱ་ཁག་རྐྱབ་མས་ཟེར་ རིན་ཆེན་དཔལ་མོ་གིས་ བཤདཔ་ཨིན་པས།

ལོ་དག་པ་ཅིག་གི་ཧེ་མར་ ཆུ་ཤོག་བཀབ་མི་ སྦ་སྒོར་དེ་ སྡོད་མ་བཏུབ་ཐལ་སོཔ་ལས་ དགོན་པའི་མཚམས་པ་ཚུ་གིས་ རྒྱབ་སྐྱོར་ཐོག་ལས་ ལོག་སྒྲིང་སྒྲི་བཟོ་བའི་ཁར་ ལྕགས་ཤོག་ཡང་ བཀབ་བྱིན་མི་དེ་ལུ་ མོ་གིས་ བཀའ་དྲིན་དགའ་ཚོར་བསམ་ཨིན་པས།

དེ་བཟུམ་སྦེ་ སྦ་སྒོར་ནང་ གློག་མེ་བཙུགས་ནི་དང་ འཐུང་ཆུ་བཏོན་མི་དེ་ མོ་གི་ཁྱིམ་ཚང་ བཀའ་དམ་དགོན་པའི་ སྐུ་དྲུང་གིས་ ཆ་རོགས་འབད་ཡོདཔ་ཨིན་པས།

རིན་ཆེན་དཔལ་མོ་དེ་ འཚོ་སྐྱོང་གི་ གདོང་ལེན་བྱུང་སྟེ་སྡོད་པའི་ ནམ་དུས་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོན་ཡོད་རུང་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ སྐྱིད་སྡུག་ཁག་དག་པ་ཅིག་ ཐོབ་མི་དེ་གིས་ མོ་ར་ མུན་ནག་ལས་ དཀར་གསལ་ནང་ ཐོན་དོ་བཟུམ་མའི་ སྣང་བ་ཤར་ཡི་ཟེར་ བཤད་པའི་ཁར་ མོ་ལུ་ རྒྱབ་སྐྱོར་དེ་ མེད་ཐབས་མེདཔ་ཅིག་ཨིནམ་ལས་ ག་གིས་ རྒྱབ་སྐྱོར་འབད་འོང་ག་མནོ་སྟེ་ སྡོད་ཡོད་ཟེར་ བཤདཔ་ཨིན་པས།

འདས་པའི་བདུན་ཕྲག་ནང་ མོ་གི་ཐབ་ཚང་ནང་ ཆུམ་རྫོགས་སོཔ་ལས་ མོ་རའི་གཡུས་ཁ་ལས་ཨིན་མི་ སྤུན་ཆ་དགེ་སློང་༡ ལུ་ ཆུམ་ལྷངམ་ད་ ཆུམ་ཀེ་ཇི་༢༥ འབད་མི་ བེག་༡ བྱིན་ཡོདཔ་ལས་ དེ་གིས་ ཟླཝ་༢ དེ་ཅིག་ ལང་ཚུགས་ཟེར་ བཤདཔ་ཨིན་པས།

ཁྱིམ་ཚང་ཅིག་གིས་ སླབ་མིའི་ནང་ མོ་གིས་ ཨང་རྒས་རིན་ཆེན་དཔལ་མོ་ལུ་ འཕྲལ་འཕྲལ་ཚོད་བསྲེ་དུམ་གྲ་རེ་ བྱིན་དོ་ཡོད་རུང་ ཨ་རྟག་ར་ རྒྱབ་སྐྱོར་འབད་མི་ཚུགས་པས་ཟེར་ཨིནམ་ད་ གཏོང་ཕོད་ཅན་གྱི་ སྦྱིན་བདག་ཚུ་གིས་ ཨང་རྒས་ལུ་ ཆ་རོགས་འབད་བ་ཅིན་ དགེ་བ་སྦོམ་འོང་ནི་མས་ཟེར་ བཤདཔ་ཨིན་པས།

རིན་ཆེན་དཔལ་མོ་ལུ་ རྒྱབ་སྐྱོར་འབད་མི་ ག་ཡང་མེདཔ་ལ་ ཟླཝ་༢ དེ་ཅིག་གི་ཧེ་མར་ མོང་སྒང་རྫོང་ཁག་ལས་ འགོ་དཔོན་ཚུ་གིས་ མོ་གི་ མིང་ཐོ་འབག་ཡོདཔ་ལས་ སྐྱིད་སྡུག་འཐོབ་ནི་གི་ རེ་བ་བསྐྱེདཔ་ཨིན་པས།

མོ་གིས་འབད་བ་ཅིན་ མོ་ལུ་ བཟའ་འཐུང་གི་ དཀའ་ངལ་མེད་པ་ཅིན་ མོ་ར་མ་ཤི་ཚུན་ མ་ཎི་བགྱང་སྟེ་ར་ སྡོད་ནི་གི་ མནོ་བསམ་ཡོད་རུང་ འཚོ་སྐྱོང་གི་ རྒྱབ་སྐྱོར་འབད་མི་ མ་འཐོན་པ་ཅིན་ མོ་རའི་ དགེ་སྦྱོར་ལུ་ བར་ཆད་མི་འབྱུང་ག་ཟེར་ ཚ་གྱང་ལངམ་མས་ཟེར་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *