ཆོས་དང་འཇིག་རྟེན་ལུ་མཁོ་བའི་ བསླབ་བྱའི་ལམ་སྟོན་དཔེ་དེབ་བསྐྱར་ཞིབ།

༉ འཛམ་གླིང་ནང་ ཨ་པ་གི་ མི་ཚེ་མཇུག་བསྡུ་བའི་སྐབས་ བུ་གིས་ཨ་པ་ལུ་ ཐག་བཅད་སྦེ་ སོང་ཟེར་སླབ་ད་ ཨ་པ་གིས་ཡང་ བཏུབ་ཟེར་ཁ་བཟེད་དེ་ དགའ་དགའ་སྤྲོ་སྤྲོ་སྦེ་ ཁ་སླབ་སྦེ་ ཤི་ཡི་ཟེར་མི་ལུ་ ང་བཅས་ཀྱིས་ བདེན་འཛིན་རེ་ཚུགས་ག?
དྲི་བ་དེ་གི་ལན་འདི་ འཚོལ་དགོ་པ་ཅིན་ དེང་སང་ ང་བཅས་ཀྱིས་ ལག་ལེན་འཐབ་མི་ མི་སྡེ་བརྡ་བརྒྱུད་དང་ གློག་རིག་ཡོངས་འབྲེལ་ཚུ་ལས་མེན་པར་ ཀེ་ཨེམ་ཊི་པར་སྐྲུན་ཁང་ལས་ རྩོམ་པ་པོ་ ཀུན་བཟང་འཕྲིན་ལས་ཀྱིས་བྲིས་མི་ ཕ་བུ་ཁ་འབྲལ་སྙིང་གཏམ་ཟེར་མི་ ཀི་དེབ་ནང་ལས་ ཐོབ་ཚུགས་པས།
སྙིགས་མ་ལྔ་བདོའི་དུས་ལུ་ ཕ་མའི་རོ་ ཁྱིམ་གྱི་ཕུགས་ལུ་བཞག་ཞིནམ་ལས་ ཨ་ལོ་དེ་ཚུ་ ཕ་མའི་ཤུལ་གཞག་གི་སྐོར་ལས་ འཐབ་རྒྱག་འབད་མི་དང་ ཁྲིམས་ཁང་ཚུ་ནང་ དེ་གི་སྐོར་ལས་ རྩོད་གཞི་དང་ སླབ་གཞི་རྐྱབ་མིའི་ གྱངས་ཁ་ཡང་ ཡར་སེང་འགྱོ་སར་མཐོངམ་ད་ ཕ་བུ་ཁ་འབྲལ་སྙིང་གཏམ་གྱི་ དཔེ་དེབ་ཀྱིས་ མི་མང་གི་ སེམས་ ལེགས་བཅོས་འབད་ནི་ལུ་ ཁེ་ཕན་སྦོམ་འབྱུང་ཚུགས་ནི་བཟུམ་མཐོངམ་མས།
དཔེ་དེབ་འདི་ ད་རེས་ནངས་པར་ རྨགཔ་དང་ཨམ་སྲུའི་ ཕམ་ཚུ་གིས་ ལེགས་ཤོམ་འབད་རུང་ རྨགཔ་ལ་ལོ་ཅིག་གིས་ ཨམ་སྲུའི་ཕམ་དང་སྤུན་ཆ་ཚུ་ ལེགས་ཤོམ་འབད་མ་བཏུབ་ ཡང་ཅིན་ ཨམ་སྲུ་གིས་ རྨགཔ་གི་ཕམ་དང་ སྤུན་ཆ་ཚུ་ ཁྱིམ་ནང་ལས་བཏོན་བཏང་སྟེ་ ཉོན་མོངས་པའི་ དུག་ལྔ་གིས་གང་མི་ བཟའ་ཚང་དང་ བུ་གཞི་ཚུ་ལུ་ དཔེ་དང་ལམ་སྟོན་བཟང་པོ་སྟོན་མི་ སློབ་དཔོན་མཁས་མཆོག་ཅིག་ཨིན་པས།
རྩོམ་སྒྲིག་པ་ ཁོ་རའི་ཨ་པ་གིས་ ཁོང་བཟའ་ཚང་གཉིས་ལུ་ མནོ་ཚད་དྲན་ཚད་ཀྱི་ལཱ་ མ་བཏུབ་ལེ་ཤ་འབད་ཡོད་རུང་ ཁོ་རའི་ཨམ་སྲུ་གིས་ རྨགཔ་གི་ཨ་པ་དེ་ལུ་ ཉེ་རིང་མ་ཕྱེ་བར་ ཕན་གྲོགས་ག་དེ་དྲག་དྲག་འབད་སྡོད་པའི་ཁར་ ཨ་པ་ལཱ་ཁག་སྦེ་ན་སྟེ་ ལུས་དང་རྣམ་ཤེས་ཁ་འབྱལ་ནི་གུ་ ལྷོད་པའི་སྐབས་ ཁོ་གིས་ ང་གཡུས་ཁར་མ་འགྱོ་རུང་ བཏུབ་པས་མེན་ན་ཟེར་ དྲི་བའི་སྐབས་ ཨམ་སྲུ་གིས་ ཁྱོད་ཀྱིས་ དེ་སྦེ་མ་འབད། ཁོ་ཟེར་མི་འདི་ ཚེ་ལན་ཐེངས་གཅིག་གི་ ཕ་མ་ཨིནམ་ལས་ སྡོད་པའི་རིང་ལུ་ བྱ་སྟབས་མ་བདེཝ་ བྱུང་མི་ཚུ་ལུ་ མནོ་བསམ་མ་གཏང་པར་ ཁྱོད་ ཁོ་ཕྱད་པར་ ག་དེ་སྦེ་འབད་རུང་ འགྱོ་ནི་ཡོདཔ་ཅིག་ འབད་ད་ཟེར་ སླབ་མི་གིས་ ཧ་གོ་ཚུགས་པས།
གཡུས་ཁར་ལྷོད་པའི་སྐབས་ དངུལ་བུན་བཏབ་བྱ་དང་ ལེན་བྱ་གིས་གཙོས་པའི་ ཨ་པའི་དོན་ལུ་ གཞིས་ནོར་ཁང་གསུམ་ཚུ་ག་ར་ བློས་བཏང་སྟེ་ ཨ་པ་ལུ་ བག་ཆགས་དང་ ཞེན་ཆགས་ཚུ་ ག་ནི་ཡང་མེད་པར་ བུང་ལེགས་ཤོམ་སྦེ་ ཆད་བཅུག་མི་དེ་ དེང་སང་གི་ དུས་ཚོད་འདི་ནང་ ཕ་བུ་ཁ་འབྲལ་སྙིང་གཏམ་གྱི་ རྩོམ་སྒྲིགཔ་འདི་ འཇིག་རྟེན་འདི་ནང་ དཔེ་བལྟ་བཏུབ་པའི་ ཨ་པ་གི་བུ་གཅིག་ཨིན་པའི་ཁར་ ཤེས་བྱའི་ཡོན་ཏན་གྱིས་ ཚོཔ་དང་མ་ཚོ་པའི་ཁྱད་པར་ཡང་ དཔེ་དེབ་འདི་ལས་ ཤེས་ཚུགས་པས།
ཚེ་ཚད་དུས་ལུ་བབས་པའི་སྐབས་ སངས་རྒྱས་སྨན་ལྷ་དངོས་སུ་བྱོན་རུང་ ཚེ་མཐུད་ཐབས་མེད་དོ་བཟུམ་ རང་གི་གཟུགས་ཀྱི་མགྱོན་ཁྱིམ་ནང་ གནསཔོ་བརྙའ་བར་འོང་མི་ སེམས་ཀྱི་རྣམ་ཤེས་འདི་ འཐོན་འགྱོཝ་ད་ ཤུལ་མ་སྡོད་མི་ཚུ་གིས་ ལག་པ་གིས་བཤེད་ འཐེན་སྦེ་ སྔུ་སྐད་ཀྱི་ འུར་བྱེལ་འཐབ་ནི་ཚུ་ མ་བཏུབ་པའི་སྐོར་ལས་དང་ བླམ་དང་ཆོསཔ་ཚུ་གིས་ ཕོཝ་རྐྱབ་ད་ ནམ་རྐྱབ་དགོཔ་ཨིན་ན་དང་ བླམ་ཆོསཔ་རྟོགས་པའི་ ཡོན་ཏན་མཐོ་དྲགས་ཡོད་མི་ཚུ་ དགོངས་པ་རྫོགས་པའི་སྐབས་ ཐུགས་དམ་ལུ་ དགུང་ཞག་ག་དེ་ཅིག་ བཞག་ནི་ཨིན་ན་ཚུ་གི་སྐོར་ལས་ཡང་ ཁ་གསལ་ཚུད་དེ་ཡོདཔ་ལས་ ཕ་བུ་ཁ་འབྲལ་སྙིང་གཏམ་གྱི་ དཔེ་དེབ་འདི་ ཆོས་དང་འཇིག་རྟེན་གཉིས་ཆ་ར་ལུ་མཁོ་བའི་ བསླབ་བྱའི་ལམ་སྟོན་པ་ཅིག་ཨིན་པས།
དཔེ་དེབ་ལྷག་པའི་སྐབས་ ལྷག་མི་ཚུ་གི་ མིག་ཏོ་འདི་ མིག་ཆུ་གི་ རྒྱ་མཚོ་ཆེན་མོའི་ནང་ རྩལ་མ་རྐྱབ་པར་ལུས་པའི་ དཔེ་མི་སྲིད་ནི་ཨིན་རུང་ མིག་ཆུ་ས་ཁར་བུད་ནི་ལུ་མ་ཕངས་པར་ རང་ལུ་མཁོ་བའི་ བསླབ་བྱ་བཟང་པོ་འདི་ འཐོབ་ཐབས་ལུ་དམིགས་ཏེ་ དཔེ་དེབ་འདི་ ལྷག་པ་ཅིན་ ཡོན་ཏན་ལེ་ཤ་ར་ཐོབ་ཚུགས་པས་ཟེར་ ཞུ་ནི་ཨིན།
སྟོང་ཞངཔ་ འཇམ་དབྱངས་ཕུན་ཚོགས།
གོང་གཟིམ་ཨོ་རྒྱན་རྡོ་རྗེ་སློབ་གྲྭ། ཧཱ།

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *