ཆོག་ཐམ་གླ་ཁར་སྤྲོད་པའི་ མཐོ་གཏུགས་རྩོད་བཤེར་ལུ་ ཆེ་མཐོ་ཁྲིམས་འདུན་ལས་ བསྒྱུར་བཅོས་མེདཔ།

༉ ཆེ་མཐོ་ཁྲིམས་ཁྲི་དང་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༧ ལུ་ ཚོང་འབྲེལ་ཆོག་ཐམ་གླ་ཁར་སྤྲོད་པའི་རྩོད་བཤེར་ མཐོ་གཏུགས་འབད་མི་དེ་ ཐོག་མའི་ཁྲིམས་འདུན་གྱིས་གནང་མི་ འཁྲུན་ཆོད་ལུ་ གཞི་འཛིན་ཐོག་ལས་ མཐོ་གཏུགས་བཤེར་ཡིག་ ཕྱིར་འབུད་འབད་དེ་ ཧེ་མའི་འཁྲུན་ཆོད་དེ་ར་ བསྟར་སྤྱོད་འབད་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ཨིན་པས།
དེ་ཡང་ མཐོ་གཏུགས་པ་ རྣམ་རྒྱལ་དབང་མོའི་ རྒྱབ་མི་གིས་ ཕུན་ཚོགས་གླིང་དྲུང་ཁག་ཁྲིམས་འདུན་དང་ ཆུ་ཁ་རྫོང་ཁག་ཁྲིམས་འདུན་༢ ཀྱིས་ ཡེ་ཤེས་པདྨ་ཚོང་ལས་ཁང་དང་ ཡེ་ཤེས་པདྨ་འཁོར་ལོ་ཚོང་ཁང་༢ ཀྱི་དོན་ལུ་ རྒྱ་གར་གྱི་མི་ཁུངས་དེ་ལས་ དངུལ་ཀྲམ་༦༥༠,༠༠༠ ལེན་ཡོད་པའི་ ངོས་ལེན་འབད་མི་དེ་ བར་འཐུས་ཨིན་པའི་ བརྩི་འཇོག་འབད་དེ་ ཉེས་ཆད་དངུལ་ཀྲམ་༢༠,༠༠༠ བརྩིས་ཏེ་ དངུལ་ཀྲམ་༦༧༠,༠༠༠ གཞུང་རྩིས་ནང་ བཙུགས་དགོ་པའི་འཁྲུན་ཆོད་ བསྒྱུར་བཅོས་མེདཔ་སྦེ་ བཞག་ཡོདཔ་ཨིན་པས།
ཆེ་མཐོ་ཁྲིམས་འདུན་གྱིས་ མཐོ་གཏུགས་འབད་མི་དེ་ལུ་ བསྒྱུར་བཅོས་མཛད་ཐབས་མིན་འདུག་ཟེར་ བཀོད་ཡོད་པའི་ཁར་ རྩོད་བཤེར་དེ་ལུ་བརྟེན་ ཚོང་འབྲེལ་ཆོག་ཐམ་ རྒྱ་གར་གྱི་མི་ཁུངས་ལུ་ སྤྲོད་མི་དེ་གིས་ འབྲུག་པའི་མི་སེར་ཚུ་གིས་ རང་མགོ་རང་འདྲོངས་བཟོ་ནི་ལུ་ ཐོ་ཕོག་ནི་ཨིནམ་མ་ཚད་ རྒྱལ་ཁབ་ནང་ ལཱ་གཡོག་མ་ཐོབ་པའི་དཀའ་ངལ་ཡང་ དེ་གིས་ བསལ་མི་ཚུགས་ནི་ཨིན་པས།
དེ་མ་ཚད་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གནས་སྟངས་ལུ་ཡང་ གནོད་ནི་ཨིནམ་ལས་ འབྲུག་གི་ཚོང་དང་བཟོ་གྲྭའི་ལག་ལེན་ སྤྱིར་བཏང་ལམ་སྟོན་༡༩༩༧ ཅན་མའི་དོན་ཚན་༦.༡ ཀ་པ་དང་ཁ་པ་ལས་ འགལ་ཡོདཔ་ལས་ རྩོད་ཟླ་གི་ཏི་རུ་ དངུལ་ཀྲམ་༣༢,༢༢,༨༣༥.༤ དེ་ཡང་ གཞུང་བཞེས་འབད་དགོ་པའི་ཁར་ མཐོ་གཏུགས་པའི་མིང་ཐོ་ནང་ དངུལ་ཁང་༢ ཀྱི་ རྩིས་ཁྲ་ནང་ཡོད་མི་ དངུལ་ཀྲམ་༤༧,༨༠༤.༥༨ དང་ དངུལ་རྐྱང་དངུལ་ཀྲམ་༡,༤༣,༥༠༥ ཡོད་མི་དེ་ རྩོད་དཔོན་ཡོངས་ཁྱབ་ཀྱི་ ངོ་ཚབ་ཀྱིས་ རྩིས་ཁར་བཀལ་དགོཔ་སྦེ་ ཞུ་ཡོད་མི་དེ་ ཁྲིམས་འདུན་གྱིས་ མ་དངུལ་དེ་ཚུ་ རྩོད་ཟླ་ལུ་ ཉེས་བྱ་སྦེ་ བར་འཐུས་སྤྲོད་བཅུག་ཡོད་མི་དེ་གིས་ འཐུསཔ་སྦེ་བཀོད་ནུག།
དེ་ལས་ གནད་དོན་དེ་ ཐོག་མའི་དྲུང་ཁག་ཁྲིམས་འདུན་ལུ་ ཞུ་བ་མ་འབད་བའི་ གནད་དོན་གསརཔ་ཅིག་ཨིནམ་ལས་ ཞི་རྩོད་དང་ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ ཁྲིམས་དེབ་དོན་ཚན་༡༡༠.༤ གི་དགོངས་དོན་ལྟར་ ངོས་ལེན་འབད་ཐབས་མེདཔ་ལས་ དངུལ་ཀྲམ་༣༢,༢༢,༨༣༥.༤ དེ་ཡང་ ཐོག་མའི་ཁྲིམས་འདུན་གྱིས་ སྤྱི་ལོ་༢༠༡༨ ཟླ་༡༠ པའི་ཚེས་༢༤ ལུ་གནང་མི་ འཁྲུན་ཆོད་ལྟར་ གཞུང་བཞེས་འབད་དགོ་པའི་ འཁྲུན་ཆོད་གནང་ནུག།
རྩོད་བཤེར་དེ་ འགོ་དང་པ་ ཕུན་ཚོགས་གླིང་དྲུང་ཁག་ཁྲིམས་འདུན་ནང་ རྩོད་བཤེར་འབད་དེ་ འཁྲུན་ཆོད་གནང་མི་ལུ་ ཁེ་རྒུད་མ་བཏུབ་པར་ ཆུ་ཁ་རྫོང་ཁག་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་བའི་སྐབས་ འཁྲུན་ཆོད་ལུ་ བསྒྱུར་བཅོས་ག་ནི་ཡང་ མ་འབདཝ་ཨིན་པས།
དེ་ཡང་ ཕུན་ཚོགས་གླིང་དྲུང་ཁག་ཁྲིམས་འདུན་གྱིས་ མཐོ་གཏུགས་པ་གིས་ རྒྱ་གར་གྱི་མི་ཁུངས་ ར་ཏཱན་ལཱལ་ ཨ་གར་ཝཱལ་ལུ་ ཚོང་འབྲེལ་ཆོག་ཐམ་གླ་ཁར་སྤྲོད་དེ་ བར་འཐུས་ལེན་མི་ དངུལ་ཀྲམ་༦༥༠,༠༠༠ གཞུང་རྩིས་ལུ་ ཕུལ་དགོ་པའི་ འཁྲུན་ཆོད་གནང་ཡོདཔ་ད་ ཆོག་ཐམ་ཆ་མེད་བཏང་བའི་འཐུས་ དངུལ་ཀྲམ་༢༠,༠༠༠ དེ་ཡང་ གཞུང་ལུ་བཏབ་དགོཔ་སྦེ་ འཁྲུན་ཆོད་བཏོན་ཡོད་མི་དེ་ལུ་ ཁེ་རྒུད་མ་བཏུབ་པར་ མཐོ་གཏུགས་འབད་ནུག།
དེ་ཡང་ མཐོ་གཏུགས་པ་གིས་ ཚོང་ལཱ་འགོ་བཙུགས་པའི་སྐབས་ རྒྱ་གར་གྱི་ཁུངས་ལས་ མ་དངུལ་ལེན་པ་མེན་པར་ མོ་རའི་ བསམ་གྲུབ་ལྗོངས་མཁར་ལུ་ཡོད་མི་ སྒྲིང་ཁྱིམ་དེ་ གཏའ་མར་བཙུགས་ཏེ་ སྐྱིན་འགྲུལ་ལེན་ཞིནམ་ལས་ ཚོང་ཁང་བཙུགས་བཙུགསཔ་ཨིན་ཟེར་ ཞུ་ཡོདཔ་ད་ རྩོད་ཟླ་ཨང་ཀུཤ་ ཨ་གར་ཝཱལ་གྱི་ ཚེ་འདས་ཨ་པ་ ར་ཏཱན་ལཱལ་ ཨ་གར་ཝཱལ་ལས་ ལེན་མི་དངུལ་དེ་ བར་འཐུས་མེན་པར་ སྐྱིན་འགྲུལ་ལེན་མི་དེ་ སྤྲོད་ནིའི་དོན་ལུ་ ཁོ་ལས་ ལེན་ཡོདཔ་ལས་ དངུལ་ཀྲམ་༦༥༠,༠༠༠ གཞུང་ལུ་ སྤྲོད་དགོཔ་མིན་འདུག་ཟེར་ཞུ་ནུག།
མོ་གིས་ མཐོ་གཏུགས་འབད་བའི་སྐབས་ དངུལ་ཁང་ལས་ སྐྱིན་འགྲུལ་ལེན་པའི་སྒྲུབ་བྱེད་དང་ ཁྱིམ་ཁང་གླ་བཙུགས་པའི་ ཡིག་ཆ་ཚུ་ བཙུགས་ཡོད་རུང་ རྫོང་ཁག་ཁྲིམས་འདུན་གྱིས་ ཕྱིར་འབུད་འབད་ཡོདཔ་སྦེ་ མཐོ་གཏུགས་ནང་བཀོད་ནུག།
མོ་གིས་ ཁེ་རྒུད་མ་བཏུབ་མི་དེ་ཡང་ ཐོག་མའི་ཁྲིམས་འདུན་ལུ་ བཙུགས་ཡོད་མི་ སྒྲུབ་བྱེད་ཚུ་ ཆེ་མཐོ་ཁྲིམས་འདུན་གྱིས་ དབྱེ་དཔྱད་འབད་དགོ་པའི་ ཞུ་བ་འབད་དེ་ བཙུགས་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་འབད་རུང་ མཐོ་གཏུགས་པ་ ཡེ་ཤེས་པདྨ་འཁོར་ལོ་དང་ ཡེ་ཤེས་པདྨ་ཚོང་ཁང་དང་གཅིག་ཁར་ ཐེབས་བཏོན་སྤྲོད་དངུལ་མཐུན་རྐྱེན་དེ་ ངོས་ལེན་གྱི་སྒྲུབ་བྱེད་སྦེ་ ཁྲིམས་འདུན་གོང་འོག་ལུ་ བཙུགས་ཡོད་རུང་ དབྱེ་དཔྱད་འབད་མ་བཏུབ་ཟེར་ཞུ་ཡོདཔ་ཨིན་པས།
དེ་མ་ཚད་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཆོག་ཐམ་དེ་ ཚེ་འདས་ར་ཏཱན་ལཱལ་ ཨ་གར་ཝཱལ་ལུ་ ཨེམ་ཨར་པི་ ཚོང་འབྲེལ་དང་ཆ་རོགས་འབད་ནིའི་དོན་ལུ་ སྤྲོད་ཡོདཔ་ལས་ དེ་ལུ་ ཆོག་ཐམ་གླ་ཁར་སྤྲོད་པའི་ གྲངས་སུ་ཚུད་པ་ཅིན་ ངོས་ལེན་ཡོད་ཟེར་ ཆེ་མཐོ་ཁྲིམས་འདུན་ལུ་ བསྐྱར་ཞུ་འབད་ཡོདཔ་ཨིན་པས།
ཆོག་ཐམ་ཆ་མེད་བཏང་མི་དང་ ཉེས་ཆད་བཀལ་མི་ལུ་ ངོས་ལེན་ཡོད་རུང་ དངུལ་ཀྲམ་༦༥༠,༠༠༠ བར་འཐུས་སྦེ་ གཞུང་ལུ་ ཕུལ་ཡོདཔ་སྦེ་ཨིན་མི་ལུ་ ངོས་ལེན་མེད་ཟེར་ ཞུ་ཡོདཔ་ཨིན་པས།
ངོས་ལེན་མེད་མི་དེ་ཡང་ དང་པ་ དངུལ་སྐྱིན་འགྲུལ་ལེན་མི་དེ་ ལོག་སྤྲོད་ནིའི་དོན་ལུ་ ལེན་ཡོད་པའི་ཁར་ ཚོང་ཁང་དེ་གི་ཆོག་ཐམ་དེ་ ཚེ་འདས་ར་ཏཱན་ ཨ་གར་ཝཱལ་གྱིས་ ལག་ལེན་འཐབ་ཡོད་རུང་ ཚོང་ཁང་གི་ཅ་ཆས་ཚུ་ག་ར་ མོ་གིས་ སྐྱིན་འགྲུལ་ལེན་ཐོག་ལས་ ཉོ་ཡོད་པའི་ཁར་ ཚོང་ཁང་ནང་ཡང་ ཨ་རྟག་ར་ མོ་གི་བུ་སྡོད་ཡོདཔ་ལས་ དངུལ་དེ་ སོར་ཆུད་འབད་དགོཔ་ མིན་འདུག་ཟེར་ཞུ་ནུག།
ཆུ་ཁ་རྫོང་ཁག་ཁྲིམས་འདུན་གྱིས་ མཐོ་གཏུགས་པའི་ཚོང་ཁང་གི་ ཅ་ཆས་ཚུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ འཛིན་བཟུང་འབད་བའི་ཤུལ་ལས་ མི་མང་རིན་བསྡུར་ཐོག་ལས་བཙོང་མི་ལས་ དངུལ་ཀྲམ་༣༢,༦༨,༥༩༡.༠༩ ཐོབ་མི་དེ་ཡང་ གཞུང་བཞེས་འབད་དགོཔ་སྦེ་ འཁྲུན་ཆོད་གནང་མི་དེ་ཡང་ ཁེ་རྒུད་མ་བཏུབ་ཟེར་ ཞུ་ནུག།
དེ་ཡང་ ཚོང་གི་ཅ་ལ་ཚུ་ག་ར་ སྐྱིན་འགྲུལ་ལེན་མི་ མ་དངུལ་གྱིས་ ཉོ་ཡོདཔ་སྦེ་ ཞུ་ཡོདཔ་ད་ ད་ལྟོའི་འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་པ་ཅིན་ མཐོ་གཏུགས་པ་གིས་ ད་རུང་ མཐོ་གཏུགས་འབད་ནིའི་ དབང་ཆ་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *