ཆོག་ཐམ་གླ་ཁར་བཏང་བའི་འཁྲུན་ཆོད་ བསྒྱུར་བཅོས་མེདཔ།

༉ འདས་པའི་བདུན་ཕྲག་ནང་ ཆེ་མཐོ་ཁྲིམས་འདུན་གྱིས་ ཆོག་ཐམ་གླ་ཁར་བཏང་བའི་རྩོད་བཤེར་ མཐོ་གཏུགས་འབད་མི་ལུ་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་དེ་ གཞི་འཛིན་འབད་དེ་ མཐོ་གཏུགས་ཞུ་ཡིག་ ཕྱིར་འབུད་བཏང་ཡོདཔ་ཨིན་པས།
ཕྱིར་འབུད་བཏང་མི་དང་འཁྲིལ་ མཐོ་གཏུགས་པ་ བསོད་ནམས་དབང་མོ་གིས་ ཆུ་ཁ་རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་དང་འཁྲིལ་
མོ་གིས་ ཆོག་ཐམ་གླ་ཁར་བཏང་བའི་འཐུས་ལེན་མི་དང་ ཚོང་ཆས་བཙོང་མི་ལས་ཐོབ་མི་མ་དངུལ་ དེ་ལས་ རྩིས་ཁྲ་ནང་ཡོད་པའི་ མ་དངུལ་ཚུ་བརྩིས་ཏེ་ གཞུང་ལུ་ བསྡོམས་ཀྱིས་དངུལ་ཀྲམ་༡༨,༤༦,༦༠༥.༣༩ ཕུལ་དགོཔ་ཨིན་པས།
ཨིན་རུང་ ཆེ་མཐོ་ཁྲིམས་འདུན་གྱིས་ མོ་གིས་ ཚོང་ཆས་ཚུ་བཙོང་པའི་སྐབས་ དངུལ་ཀྲམ་༢༩,༣༨༨.༠༧ ཟད་འགྲོ་བཏང་ཡོད་མི་དེ་ མར་ཕབ་འབད་དེ་ དངུལ་ཀྲམ་༡༨,༡༧,༢༡༧.༣༢ གཞུང་ལུ་ཕུལ་དགོ་པའི་ འཁྲུན་ཆོད་གནང་མི་དེ་ རྫོང་ཁག་ཁྲིམས་འདུན་གྱི་འཁྲུན་ཆོད་ལུ་ ཆ་ཤས་ཅིག་ བསྒྱུར་བཅོས་འབད་ཡོདཔ་ཨིན་པས།
བསོད་ནམས་དབང་མོ་གིས་ མོ་རའི་ མིང་ཐོ་ཁར་ཡོད་མི་ ཊི་ཕུན་ཚོགས་ཚོང་ལས་ཀྱི་ ཆོག་ཐམ་དེ་ རྒྱ་གར་གྱི་ མི་ཁུངས་ལུ་ གླ་ཁར་སྤྲོད་དེ་ བར་འཐུས་དངུལ་ཀྲམ་༡༢༥,༠༠༠ ལེན་ཡོད་མི་དང་ ཚོང་ཆས་ཚུ་ རིན་བསྡུར་ཐོག་བཙོང་མི་ལས་ དངུལ་ཀྲམ་༡༤,༩༧,༩༩༠ ཐོབ་མི་དང་ དངུལ་ཁང་ནང་ དངུལ་ཀྲམ་༣༤༨,༦༡༥.༣༩ ཡོད་མི་དེ་ ཆུ་ཁ་རྫོང་ཁག་ཁྲིམས་འདུན་གྱིས་ གཞུང་བཞེས་འབད་དགོ་པའི་ འཁྲུན་ཆོད་གནང་ཡོདཔ་ཨིན་པས།
ཨིན་རུང་ མོ་གིས་ འཁྲུན་ཆོད་དེ་ བསམ་པ་མ་རྫོགས་པར་ མཐོ་གཏུགས་འབད་ཡོད་རུང་ སྙན་གསན་འབད་བའི་སྐབས་ གནད་དོན་དང་འབྲེལ་བའི་ ཁུངས་དག་བཀལ་ནི་མེདཔ་ལས་ ཐོག་མའི་འཁྲུན་ཆོད་ལུ་ ཁྱད་པར་ག་ནི་ཡང་མིན་འདུག་ཟེར་ ཆེ་མཐོ་ཁྲིམས་འདུན་གྱིས་ མཐོ་གཏུགས་བཤེར་ཡིག་དེ་ ཕྱིར་འབུད་འབད་དེ་ རྫོང་ཁག་ཁྲིམས་འདུན་གྱི་འཁྲུན་ཆོད་ལུ་ གཞི་འཛིན་འབད་བཞག་ཡོདཔ་ཨིན་པས།
ཐོག་མའི་ཁྲིམས་འདུན་གྱིས་ གནད་དོན་དེ་ལུ་ སྤྱི་ལོ་༢༠༡༨ ཀྱི་ ཟླཝ་༤ པའི་ཚེས་༢ ལུ་ མ་དངུལ་དེ་ གཞུང་བཞེས་འབད་དགོ་པའི་ འཁྲུན་ཆོད་བཏོན་ཡོདཔ་ཨིན་པས།
མཐོ་གཏུགས་པ་གིས་འབད་བ་ཅིན་ མོ་གིས་ ཆོག་ཐམ་གླ་ཁར་བཏང་མི་དང་ གླ་ཁར་བཏང་བའི་ ཉེས་བྱ་དངུལ་ཀྲམ་༡༠,༠༠༠ བཀལ་ཡོད་མི་དེ་ ཧེ་མ་ གླ་ཁར་ལེནམ་ད་ ཕྱི་མི་ལས་ དུམ་གྲ་རེ་སྦེ་ ལེན་ཡོདཔ་ལས་ ཉེས་བྱ་སྟབས་གཅིག་ཁར་ བཏབ་ནི་ལུ་ དཀའ་ངལ་ཡོདཔ་ལས་ སྐྱིད་སྡུག་བལྟ་གནང་ཟེར་ ཆེ་མཐོ་ཁྲིམས་འདུན་ལུ་ ཞུ་ཡོདཔ་ད་ རྒྱ་གར་མི་ཁུངས་ལུ་བཀལ་མི་ ཉེས་བྱ་ཡང་ ཕབ་དགོ་པའི་ ཞུ་བ་འབད་ནུག།
གནད་དོན་དེ་ འགོ་དང་པ་ ཕུན་ཚོགས་གླིང་དྲུང་ཁག་ཁྲིམས་འདུན་ལུ་བཙུགས་ཏེ་ རྫོང་ཁག་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོད་རུང་ བསྒྱུར་བཅོས་མེད་མི་དེ་ ད་རུང་ མོ་གིས་ བར་འཐུས་དངུལ་ཀྲམ་༡༢༥,༠༠༠ དང་ ཉེས་བྱ་དངུལ་ཀྲམ་༡༠,༠༠༠ བཀལ་མི་དེ་ འཁྲུན་ཆོད་གནང་བའི་ཤུལ་ལས་ ཟླཝ་ངོ་ཅིག་གི་ནང་འཁོད་ལུ་ གཞུང་ལུ་ཕུལ་དགོ་མི་ སྟབས་མི་བདེ་བས་ཟེར་ཞུ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *