ཆེད་དུ་བཀོད་པའི་ ཞི་གཡོགཔ་དང་ མི་མང་ལས་གཡོགཔ་ཚུ་གིས་ བརྒྱུད་འབྲེལ་འཐུས་ མི་འཐོབ་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་གུ་ བསྐྱར་གྲོས་གནངམ་དང་འབྲེལ་ ཚོགས་སྡེ་གིས་ བརྒྱུད་འབྲེལ་གྱི་འཐུས་ རང་འཇགས་བཞག་དགོ་པའི་ གྲོས་འདེབས་ཕུལ་མི་དེ་ རྒྱལ་ཡོངས་ཚོགས་འདུ་གིས་ ཆ་མེད་བཏང་ཡི།

རྒྱལ་ཡོངས་ཚོགས་འདུ་གིས་ དཔྱད་ཡིག་དེ་ཡང་ ཁ་ཙ་ ཚོགས་ཁང་ནང་ འཐུས་མི་ཡོངས་བསྡོམས་༤༢ ཡོད་མི་ ག་ར་གིས་ རྒྱབ་སྐྱོར་ཐོག་ལས་ ཆ་འཇོག་གྲུབ་ཅི།

རྒྱལ་ཡོངས་ཚོགས་སྡེ་གིས་ དཔྱད་ཡིག་གི་ དོན་ཚན་གསརཔ་༡ བརྩིས་ཏེ་ དོན་ཚན་༡༢ བསྐྱར་ཞིབ་འབད་དེ་ རྒྱལ་ཡོངས་ཚོགས་འདུ་ནང་ བཏང་མིའི་གྲས་ལས་ དོན་ཚན་༡ མ་གཏོགས་ གཞན་ག་ར་ ངོས་ལེན་འབད་ཡི།

དཔལ་འབྱོར་དང་དངུལ་རྩིས་ཚོགས་ཆུང་གི་ཁྲི་འཛིན་ སྒང་ཟུར་-སྨིན་རྗེ་འཐུས་མི་ ཀུན་དགའ་དཔལ་འབྱོར་གྱིས་ ཞུ་མིའི་ནང་ བརྒྱུད་འབྲེལ་གྱི་འཐུས་ རྩིས་རྐྱབ་པའི་སྐབས་ སྤྱི་ཚོགས་འཐུས་མི་དང་ དྲང་ཁྲིམས་ལྷན་སྡེ་ སྐུ་སྒེར་ལྷན་ཚོགས་ དེ་ལས་ རྩ་ཁྲིམས་ཅན་གྱི་གོང་གནས་འཆང་མི་ཚུ་ལུ་ ལོ་བསྟར་དངུལ་ཀྲམ་ས་ཡ་༣༧ དང་ ས་གནས་གཞུང་གི་ ཁྲོམ་དཔོན་དང་ རྒཔོ་ དམངས་མི་ དེ་ལས་ ཚོགས་པ་བརྩིས་ཏེ་ དངུལ་ཀྲམ་༣,༠༥༥༤ དེ་ཅིག་ གནསཔ་མས་ཟེར་ཨིན་པས།

དེ་འབདཝ་ལས་ མ་དངུལ་དེ་གིས་ ཟམ་ཅིག་རྐྱབ་ནིའི་ འགྲོ་སོང་འགྱོཝ་མས་ཟེར་ ཀུན་དགའ་དཔལ་འབྱོར་གྱིས་ ཞུ་ཡོདཔ་བཞིན་དུ་ ཡོངས་འབྲེལ་གྱི་གླ་ཡོན་ཚུ་ཡང་ མི་འཐོབ་ནི་ཨིན་པས།

རྒྱལ་ཡོངས་ཚོགས་འདུ་གིས་ ཧེ་མར་ དཔྱད་ཡིག་གུ་ གསུང་གྲོས་གནང་པའི་སྐབས་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ བརྒྱུད་འབྲེལ་འཐུས་དང་ ཡོངས་འབྲེལ་གླ་ཡོན་ཚུ་ མེདཔ་བཟོ་ནི་སྦེ་ གྲོས་འདེབས་ཕུལ་ཡོདཔ་བཞིན་དུ་ འཐུས་ཚུ་ཕྱིར་བཏོན་འབད་ཡོདཔ་ཨིན་པས།

བློན་ཆེན་ལུ་ བརྒྱུད་འབྲེལ་གྱི་ ཟད་འགྲོ་ངོ་མའི་ཐོབ་ལམ་དང་ རྫོང་རབ་/དྲུང་པ་/དྲང་དཔོན་རབ་འབྱམས་ཚུ་ལུ་ བརྒྱུད་འབྲེལ་གྱི་འཐུས་ ཟླ་རིམ་དངུལ་ཀྲམ་༥༠༠ རེ་ བློན་ཆེན་གྱི་ དྲུང་ཆེན་གཙོ་འཛིན་/བརྒྱུད་འབྲེལ་མཁས་མཆོག་/སྐུ་སྒེར་དྲུང་ཆེན་/སྐུ་སྒེར་ལས་རོགས་ཚུ་ལུ་ བརྒྱུད་འབྲེལ་གྱི་འཐུས་ ཟླ་རིམ་དངུལ་ཀྲམ་༡,༥༠༠ རེ་ ཐོབ་དོ་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ ལྷན་རྒྱས་གཞུང་ཚོགས་ཀྱི་བློན་པོ་དང་ དེ་དང་དོ་མཉམ་པའི་ གོ་གནས་འཆང་མི་ཚུ་གི་ སྐུ་སྒེར་དྲུང་ཆེན་/སྐུ་སྒེར་ལས་རོགས་ཚུ་ལུ་ བརྒྱུད་འབྲེལ་གྱི་འཐུས་ ཟླ་རིམ་དངུལ་ཀྲམ་༡,༠༠༠ རེའི་ ཐོབ་དོ་ཡོདཔ་ཨིན་པས།

ཨིན་རུང་ འཐུས་ཚུ་ མི་འཐོབ་ནི་ཨིནམ་ལས་ གསོག་འཇོག་འབད་ཚུགས་ནི་ཨིན་པས།

ཚོགས་ཆུང་གི་ ཁྲི་འཛིན་གྱི་ ཞུ་མིའི་ནང་ རྒྱལ་ཡོངས་ཚོགས་སྡེ་གིས་ གསོ་རིག་དང་ སྨན་བཅོས་ལས་གཡོགཔ་ སློབ་སྟོན་འཐུས་ དེ་ལས་ གནམ་ཐང་ལས་གཡོགཔ་ཚུ་གི་དོན་ལུ་ ཁྱད་ལཱ་གི་འཐུས་ཚུ་ རང་སོའི་ཉམས་མྱོང་དང་འཁྲིལ་ཏེ་ བྱིན་ནི་སྦེ་ གྲོས་འདེབས་ཕུལ་མི་ལུ་ ངོས་ལེན་འབད་ཡི་ཟེར་ཨིན་པས།

སྤྱི་ཚོགས་ཀྱི་ ཆེད་དུ་བཀོད་པའི་འགན་ཁུར་གྱི་ སྣུམ་འཁོར་ཐད་ཀར་ རྒྱལ་ཡོངས་ཚོགས་འདུ་གིས་ ཆེད་དུ་བཀོད་པའི་ལཱ་འགན་གྱི་སྣུམ་འཁོར་དེ་ གཞུང་གིས་ བསྐྱར་ཞིབ་ཐོག་ལས་ཁུངས་ལྡན་མ་བཟོ་ཚུན་ བཀོད་ཁྱབ་༣ པ་ཡན་ཆད་ཀྱི་ གོ་གནས་སྡེ་རིམ་ཚུ་གི་དོན་ལུ་ ད་རེས་ཡོད་པའི་ གནས་ཚད་ཁར་ རྒྱུན་སྐྱོང་འཐབ་དགོ་པའི་ གྲོས་འདེབས་ཕུལ་མི་ལུ་ ཚོགས་སྡེ་གིས་ ངོས་ལེན་འབད་ནུག།

དེ་མ་ཚད་ རྒྱལ་ཡོངས་ཚོགས་སྡེ་གིས་ སྤྱི་ཚོགས་ཀྱི་འཐུས་མི་རེ་ལུ་ ཆེད་དུ་བཀོད་པའི་ལཱ་འགན་གྱི་ སྣུམ་འཁོར་གཅིག་སོར་དགོཔ་ད་ ཡང་ཅིན་ དེད་གཡོགཔ་དང་ སྣུམ་ རྒྱུན་སྐྱོང་གི་འཐུས་སྦྲགས་ཏེ་ སྣུམ་འཁོར་ཉོ་སྒྲུབ་ཀྱི་དོན་ལུ་ ཐེངས་གཅིག་གི་ སྟབས་གཅིག་ལག་སྤྲོད་སྦེ་ གནང་བྱིན་སྤྲོད་དགོ་པའི་ གྲོས་འདེབས་ཕུལ་མི་ལུ་ཡང་ རྒྱལ་ཡོངས་ཚོགས་འདུ་གིས་ ངོས་ལེན་འབད་ཡི་ཟེར་ ཚོགས་ཆུང་གི་ཁྲི་འཛིན་གྱིས་ཞུ་ཡི།

བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ ཞུ་མིའི་ནང་ ཞི་གཡོགཔ་གི་བཀོད་ཁྱབ་ གོ་གནས་འཆང་མི་ཚུ་ལུ་ ཐོབ་ལམ་ཡོད་དོ་བཟུམ་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་ལུ་ ཆེད་དུ་བཀོད་པའི་ ལཱ་འགན་གྱི་ སྣུམ་འཁོར་ཚུ་བྱིན་དོ་ཡོདཔ་ད་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་ གཞུང་དྲུང་ཆེན་གྱི་ གོ་གནས་འདྲན་འདྲ་ཨིན་པས།

སྤྱི་ཚོགས་ཀྱི་ འཐུས་མི་ཚུ་ བཙག་འཐུ་ལས་ གྲུབ་པའི་འགོ་ཁྲིདཔ་འབདཝ་ལས་ ཆེད་དུ་བཀོད་པའི་ སྣུམ་འཁོར་ཐོབ་ལམ་ཡོདཔ་བཞིན་དུ་ འཐུས་མི་ཚུ་གིས་ ཆེད་དུ་བཀོད་པའི་ སྣུམ་འཁོར་དགོ་ནི་ལུ་ འདོད་པ་ཡོདཔ་སྦེ་ དར་ཁྱབ་སོང་ནུག་ཟེར་ བློན་ཆེན་གྱིས་ ཞུ་ཡི།

སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གིས་ སྣུམ་འཁོར་པར་ཌོ་ཐོབ་ལམ་ དངུལ་ཀྲམ་ས་ཡ་༡.༥ འཕྲོ་རྒྱུན་བཅད་ནི་ལུ་ རྒྱབ་སྐྱོར་འབད་དེ་ ཡོདཔ་ཨིན་པས།

བློན་ཆེན་གྱིས་ ཞུ་མིའི་ནང་ གཞུང་དང་ དངུལ་རྩིས་ལྷན་ཁག་གིས་ ཆེད་དུ་བཀོད་པའི་ ལཱ་འགན་གྱི་ སྣུམ་འཁོར་དེ་ ག་ལུ་ འོས་འབབ་ཡོདཔ་ཨིན་ན་དང་ སྣུམ་འཁོར་སྦོམ་དང་ ཆུང་ཀུ་ཚུ་ ག་ལུ་དགོཔ་ཡོདཔ་ཨིན་ན་ བསྐྱར་ཞིབ་འབད་འོང་ཟེར་ཨིནམ་ད་ བསྐྱར་ཞིབ་འབད་ནི་དང་ ཁུངས་ལྡན་བཟོ་ནི་ལུ་ ས་གོ་ཡོད་ཟེར་ བློན་ཆེན་གྱིས་ ཞུ་ཡི།

རྒྱལ་ཡོངས་ཚོགས་སྡེ་གིས་ འོད་རླབས་ཀྱི་འཐུས་དེ་ ཟླ་རིམ་དངུལ་ཀྲམ་༣,༠༠༠ ཚུན་ འོད་རླབས་ལས་ ཐད་ཀར་ཉེན་སྐྱོབ་མེད་མི་ གསོ་བ་དང་སྒོ་ནོར་གྱི་ ལས་གཡོགཔ་ཚུ་ལུ་ སྤྲོད་དགོཔ་སྦེ་ བསྒྱུར་བཅོས་འབད་ཡོད་རུང་ ཐོབ་ལམ་དེ་ གསོ་བ་ལྷན་ཁག་དང་ སོ་ནམ་དང་སྒོ་ནོར་ལྷན་ཁག་གཅིག་ཁར་ གྲོས་བསྟུན་ཐོག་ལས་ དངུལ་རྩིས་ལྷན་ཁག་གིས་ གཏན་འཁེལ་བཟོ་དགོཔ་སྦེ་ ཧེ་མར་ རྒྱལ་ཡོངས་ཚོགས་འདུ་གིས་ གྲོས་འདེབས་ཕུལ་ལུ་ ངོས་ལེན་འབད་ཡི།

གནད་དོན་དེ་ལུ་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ ཞུ་མིའི་ནང་ རྒྱལ་ཡོངས་ཚོགས་སྡེ་གིས་ གྲོས་འདེབས་དེ་ལུ་ ངོས་ལེན་འབད་བ་ཅིན་ སྒྲིག་གཞི་བཟོ་ནི་ལུ་ ས་གོ་མིན་འདུག་ཟེར་ཨིནམ་ད་ འོད་རླབས་ཀྱི་འཐུས་བྱིན་མི་དེ་ རྒྱལ་ཁབ་རེ་གཉིས་མ་གཏོགས་ མང་ཤོས་ནང་ར་ མེད་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ད་རེས་ནངས་པར་ སྨན་ཁང་ལ་ལོ་ཅིག་ནང་ བདུན་ཕྲག་རེ་ལུ་ གློག་པར་ཚར་རེ་གཉིས་ལས་བརྒལ་འབད་ནི་མེདཔ་ད་ སྨན་ཁང་སྦོམ་ཚུ་ནང་ ཉིནམ་རེ་ནང་ གློག་པར་ཚར་༢༠ དེ་རེ་ འབད་དོ་ཡོདཔ་ལས་ སྒྲིག་གཞི་བཟོ་ནི་སྦེ་ བཞག་ཅི་ཟེར་ཞུ་ཡི།

འོད་རླབས་དེ་གིས་ མ་འོངས་པ་ལུ་ ཀེན་སར་འཐོབ་ནིའི་ ཉེན་ཁ་ཡོདཔ་ལས་ གཞུང་གིས་ ཅ་ཆས་ཚུ་ག་ར་ ཞིབ་དཔྱད་འབད་ཞིནམ་ལས་ སྤུས་ཚད་དང་ལྡནམ་སྦེ་ བྱིན་དགོ་པའི་སྐོར་ལས་ སྒྲིག་གཞི་ནང་ཚུད་ནིའི་དོན་ལུ་ གསོ་བ་ལྷན་ཁག་དང་ སོ་ནམ་ སྒོ་ནོར་ལྷན་ཁག་བཞག་མི་དེ་ དེ་ལུ་བརྟེན་ཨིན་ཟེར་ བློན་ཆེན་གྱིས་ཞུ་ཡི།

དཔྱད་ཡིག་དེ་ བཀའ་གྲོལ་གྱི་དོན་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ ཕུལ་ནི་ཨིནམ་བཞིན་དུ་ སྤྱི་ཟླ་༡༢ པའི་ཚེས་༥ ལུ་ སྤྱི་ཚོགས་ལྷན་བཞུགས་ འཚོགས་ནི་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *