རྩོད་རྙོགས་ཅན་ཅིག་ལུ་གྱུར་མི་ བསམ་གྲུབ་ལྗོངས་མཁར་གྱི་ ཟངས་མདོག་དཔལ་རི་ལྷ་ཁང་།

ཆེ་མཐོ་ཁྲིམས་འདུན་ལས་ ཟངས་མདོག་དཔལ་རི་ལྷ་ཁང་གི་ འཁྲུན་ཆོད་ལུ་ བསྒྱུར་བཅོས་མེདཔ།

ཟངས་མདོག་དཔལ་རི་ལྷ་ཁང་དང་ ནང་རྟེན་ ཐོག་ཚད་༢ འབད་མི་ སྒྲིང་ཁྱིམ་༢༣ ཁྲོམ་སྡེ་ལུ་ རྩིས་སྤྲོད་འབདཝ་དང་འབྲེལ་ རྩོད་རྩ་ལུ་ རྒུད་འཐུས་དངུལ་ཀྲམ་ས་ཡ་༢༧.༩༨༧ སྤྲོད་དགོཔ་ཨིན་པས།

༉ བསམ་གྲུབ་ལྗོངས་མཁར་ཁྲོམ་ཁར་སྡོད་མི་ རྩོད་རྩ་འཕྲིན་ལས་རྡོ་རྗེ་གིས་ ཟངས་མདོག་དཔལ་རི་ལྷ་ཁང་དང་ ནང་རྟེན་ མཆོད་ཆས་ཀྱི་རིགས་ དེ་ལས་ ཐོག་ཚད་༢ འབད་མི་ སྒྲིང་ཁྱིམ་༢ དང་སྦྲགས་ ཕིཊ་གྲུ་བཞི་༤༤,༠༧༢ འབད་མི་ ས་ཆ་དེ་ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེ་ལུ་ རྩིས་སྤྲོད་འབད་དགོ་མི་ལུ་ འགྱུར་ལྡོག་མེདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༩ པའི་ཚེས་༢༥ ལུ་ ཆེ་མཐོ་ཁྲིམས་འདུན་གྱི་ ཁྲིམས་ཁྲི་༣ པ་གིས་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ གཞི་འཛིན་གནང་ཡོདཔ་ད་ ཁྲོམ་སྡེ་གིས་ རྒྱུ་དངོས་དེ་ཚུ་གི་དོན་ལས་ རྩོད་རྩ་འཕྲིན་ལས་རྡོ་རྗེ་ལུ་ རྒུད་འཐུས་དངུལ་ཀྲམ་ས་ཡ་༢༧.༩༨༧ ལྷགཔ་ཅིག་ སྤྲོད་དགོཔ་ཨིན་པས།
ཨིན་རུང་ ཆེ་མཐོ་ཁྲིམས་འདུན་གྱིས་ ས་ཆའི་ཐད་ལུ་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ཁྲིམས་འདུན་གྱི་ གྲོས་ཆོད་དེ་ ཆ་ཤས་ཅིག་ བསྒྱུར་བཅོས་འབད་མི་དེ་ཡང་ འཕྲིན་ལས་རྡོ་རྗེ་གི་ རང་དབང་མེན་པའི་ ས་ཆ་དེ་ སངས་རྒྱས་འབྲུག་པ་ཟེར་མི་ལུ་བཙོང་ཡོདཔ་ ངེས་བདེན་ཨིན་རུང་ གཞུང་ས་འབདཝ་ལས་ ཁྲམ་ཡང་སྤོ་སོར་མ་འབད་བར་ཡོད་ནི་དེ་གིས་ ཐོག་མའི་འཁྲུན་ཆོད་ལྟར་ ལོག་གཞུང་ལུ་སྤྲོད་ནི་དེ་ མ་བཏུབ་མིན་འདུག་ཟེར་ བཀོད་ནུག།
དེ་འབདཝ་ད་ ས་ཆའི་དངུལ་སྤྲོད་ལེན་གྱི་ཐད་ཁར་ རྩོད་གཞི་ལོགས་སུ་སྦེ་ བཙུགས་ན་མ་གཏོགས་ མཐོ་གཏུགས་ཁྲིམས་འདུན་ལས་ ངོས་ལེན་མཛད་ཐབས་མེདཔ་ལས་ རྩོད་དོན་དེ་ ཕྱིར་འབུད་བཏང་ནུག།
སྤྱི་ལོ་༢༠༡༨ ཟླ་༧ པའི་ནང་ རྩ་ཕན་༢ ཆ་ར་གིས་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་པར་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་ཡོདཔ་ཨིན་པས།
འཁྲུན་ཆོད་ནང་ འཕྲིན་ལས་རྡོ་རྗེ་གིས་ རྒུད་འཐུས་ཐོབ་ལམ་བཀོད་དེ་མེདཔ་ལས་ ས་ཆ་དེ་ནང་ཡོད་པའི་ རྒྱུ་དངོས་ཚུ་ རང་འཇགས་སྤྱོད་ཆོགཔ་སྦེ་ ཞུ་མིའི་ཐད་ཁར་ སྐྱིད་སྡུག་བློན་པོ་དང་ དམིགས་བསལ་བཀའ་འཛིན་ཚོགས་པ་གིས་གནང་བའི་ བཀའ་རྒྱའི་ནང་ ཟངས་མདོག་དཔལ་རི་དེ་ འཕྲིན་ལས་རྡོ་རྗེ་དང་ ཡང་ཅིན་ དམངས་ཀྱིས་འབད་རུང་ བཞེངས་ཚར་བའི་ཤུལ་ལས་ གཞུང་ལུ་ཕུལ་ནི་ཟེར་ བཀོད་ཡོདཔ་མ་གཏོགས་ བདག་དབང་སྤྲོད་སྤྲོདཔ་ མིན་འདུག་ཟེར་བཀོད་ནུག།
དེ་ལས་ ཁྲོམ་སྡེའི་ཁྲི་འཛིན་གྱིས་ ས་ཆ་དེའི་ལག་ཁྱེར་ཁག་༣ སྤྲོད་ཡོད་མིའི་ནང་ འཕྲིན་ལས་རྡོ་རྗེ་དེ་ ས་ཆ་དེ་གི་ བདག་འཛིན་པ་སྦེ་ བཀོད་ཡོདཔ་མ་ཚད་ བདག་དབང་གི་ཐད་ཁར་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་བརྒྱུད་དེ་ བདེན་དཔྱད་འབད་བའི་སྐབས་ འཕྲིན་ལས་རྡོ་རྗེ་གིས་ ཁུངས་ཐུབ་ཅན་གྱི་ སྒྲུབ་བྱེད་ཕུལ་ནི་མེདཔ་ལས་ བདག་དབང་ཆ་མེད་བཏང་ཡོད་མི་ལུ་བརྟེན་ ཐོག་མའི་འཁྲུན་ཆོད་ལྟར་ མཐོ་གཏུགས་ཁྲིམས་འདུན་གྱིས་ཡང་ བདག་དབང་ཡོད་པའི་ ངོས་ལེན་མཛད་ཐབས་ མ་བྱུང་ཟེར་ཨིན་པས།
འཁྲུན་ཆོད་དང་འཁྲིལཝ་ད་ སྐྱིད་སྡུག་གི་ ས་ཆའི་ཞུ་བ་དེ་ འབྲུག་མངའ་བདག་རྒྱལ་པོ་མཆོག་ལུ་ ཕུལ་དགོཔ་བཞིན་དུ་ སྐྱིད་སྡུག་གི་ ས་ཆ་ཚུ་ བཀའ་ཤོག་གི་ ནང་དོན་ཚུ་དང་འཁྲིལ་ ཁྲམ་བཀོད་དགོ་ཟེར་ཨིནམ་ད་ སྐྱིད་སྡུག་དང་ གཞིས་གསར་གྱི་ ས་ཆ་གནང་ནི་དེ་ འབྲུག་མངའ་བདག་རྒྱལཔོ་མཆོག་གི་ ཁྱད་དབང་ཨིནམ་ལས་ འཕྲིན་ལས་རྡོ་རྗེ་ལུ་ སྐྱིད་སྡུག་ཐོབ་ཡོད་པའི་ སྒྲུབ་བྱེད་ག་ནི་ཡང་ ཕུལ་ནི་མེདཔ་ལས་ ཐོབ་བརྗོད་བཀོད་པའི་ ས་ཆ་དེ་ ངོས་ལེན་མཛད་ཐབས་ མིན་འདུག་ཟེར་བཀོད་ནུག།
དེ་བཟུམ་སྦེ་ ཁྲོམ་སྡེ་གིས་ ཞིང་ཨང་༡༡༧ ནང་ བཞེངས་ཡོད་པའི་ ཟངས་མདོག་དཔལ་རི་དང་ ཉེ་འདབས་ཀྱི་ སྒྲིང་ཁྱིམ་༢ ལ་སོགས་པའི་ རྒུད་འཐུས་དངུལ་ཀྲམ་༢༧,༩༨༧,༨༤༢ སྤྲོད་དགོ་མི་དེ་ ཟངས་མདོག་དཔལ་རི་བཞེངས་པའི་སྐབས་ མི་སེར་ཚུ་གིས་ཡང་ གྲོགས་རམ་འབད་ཡོདཔ་ འོང་སྲིད་ནི་ཨིན་རུང་ འཕྲིན་ལས་རྡོ་རྗེ་གིས་ འགོ་འདྲེན་འཐབ་པའི་ཁར་ ད་ལྟོ་ཚུན་ ལོ་མང་རབས་ཅིག་གི་རིང་ བདག་འཛིན་འཐབ་ཡོད་མི་ལུ་བརྟེན་ཨིན་པས།
རྩོད་དོན་དེ་ སྤྱི་ལོ་༢༠༡༥ ལུ་ ས་ཆ་དེ་ ཁྲོམ་སྡེ་ལུ་ སྤྲོད་དགོཔ་སྦེ་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ལས་ ཡི་གུ་ལྷོད་ཡོདཔ་མ་ཚད་ ཁྲོམ་སྡེ་གིས་ཡང་ ས་ཆ་རྩིས་ལེན་དགོ་པའི་ བཀོད་རྒྱ་ལྷོད་མི་དང་འཁྲིལ་ ཟླཝ་༡ གི་ནང་འཁོད་ལུ་ རྩིས་སྤྲོད་འབད་དགོ་པའི་ ཡི་གུ་བཏང་ཡོད་མི་ལུ་བརྟེན་ འཕྲིན་ལས་རྡོ་རྗེ་གིས་ ཁྲིམས་ཀྱི་འདུན་སར་ བཤེར་ཡིག་བཙུགས་ཡོདཔ་ཨིན་པས།
གལ་སྲིད་ ཆེ་མཐོ་ཁྲིམས་འདུན་གྱིས་གནང་མི་ བཀའ་རྒྱ་འཁྲུན་ཆོད་དེ་ལུ་ ཁེ་རྒུད་མ་བཏུབ་པ་ཅིན་ བཀའ་རྒྱ་གནང་བའི་ གཞུང་འབྲེལ་ལཱ་གི་དུས་ཚོད་ ཉིན་གྲངས་༡༠ གྱི་ནང་འཁོད་ལུ་ ཆེ་མཐོ་ཁྲིམས་འདུན་གྱི་ གྲངས་མང་ཁྲིམས་ཁྲི་ལུ་ མཐོ་གཏུགས་ཞུ་ཆོག་ནི་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

 

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *