ཆེ་མཐོ་ཁྲིམས་འདུན་གྱིས་ སྐྱེས་ལོ་༢༩ ལང་མི་ ཕོ་སྐྱེས་ཅིག་ལུ་ ཚེ་བཙོན་བཀལ་ཡོདཔ།

༉ ཐོག་མའི་ཁྲིམས་འདུན་གྱིས་བཏོན་མི་ འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་པར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ མཐོ་གཏུགས་འབད་མི་ལུ་ ཁ་ཙ་ ཆེ་མཐོ་ཁྲིམས་འདུན་གྱིས་ བཙོན་ཁྲིམས་ལོ་ངོ་༣༠ བཀལ་མི་དེ་ བསྒྱུར་བཅོས་ཐོག་ལས་ ཚེ་བཙོན་བཀལ་ཡི།
སྤུ་ན་ཁ་རྫོང་ཁག་ཁྲིམས་འདུན་གྱིས་ ཉེས་འཛུགས་ཅན་ ཀུན་བཟང་ལུ་ བཙོན་ཁྲིམས་ལོ་༣༠ བཀལ་ཡོདཔ་ཨིན་རུང་ ཆེ་མཐོ་ཁྲིམས་འདུན་གྱིས་བཏོན་མི་ བཀའ་རྒྱ་དང་འཁྲིལཝ་ད་ ཉེས་འདོགས་པས་ཞུ་བའི་ གནད་དོན་ཚུ་ བསྐྱར་ཞིབ་མཐིལ་ཕྱིན་འབད་ཡི་ཟེར་ ཨིན་པས།
དེ་ཡང་ སྤུ་ན་ཁ་ལས་ སྐྱེས་ལོ་༢༩ ལང་མི་ ཀུན་བཟང་དེ་ དགོན་ཤར་རི་རྒེད་འོག་ནང་ཡོད་མི་ སྣང་གསལ་དགོན་པའི་ལྷ་ཁང་ནང་ ལོ་ངོ་མང་རབས་ཅིག་གི་རིང་ དཀོན་གཉེར་སྦེ་སྡོད་པའི་སྐབས་ ནང་རྟེན་ཚུ་ཡོད་པའི་ ཤེས་རྟོགས་བྱུང་ནུག་ཟེར་ཨིན་པས།
སྤྱི་ལོ་༢༠༡༧ ལུ་ ཁོ་རའི་ཆ་རོགས་ཨིན་མི་ དཀོན་གཉེར་དམ་ཆོས་སྡོད་སར་ སོང་བའི་སྐབས་ དཀོན་གཉེར་དེ་ གོ་ལ་ཆུ་འཁྱུ་སྡོདཔ་ད་ ལྷ་ཁང་ནང་འཛུལ་ཏེ་ བང་སྒྲོམ་གྱི་ལྡེ་མིག་ཕྱེས་ཏེ་ མིག་ཏོ་༢ འབད་མི་ གཟི་སྐྱོན་ཅན་༡ དང་ བྱུ་རུ་༢ ཨརཝ་རྐུ་འབག་སྟེ་ ཚེ་དབང་རིན་འཛིན་ལུ་ བཙོང་ནུག།
ད་རུང་ སྤྱི་ལོ་༢༠༡༧ ཟླ་༡༢ པའི་ཚེས་༡༡ ལུ་ དགོན་པ་ལུ་སོང་སྟེ་ དཀོན་གཉེར་ལུ་ གསོལ་ཁ་ཕུལ་ནི་ཨིན་ཟེར་སླབ་སྟེ་ དཀོན་གཉེར་དེ་ གཉིད་ཐལཝ་ད་ བང་སྒྲོམ་གྱི་ལྡེ་མིག་ཕྱེས་ཏེ་ རྒྱུ་ཟངས་དམར་ལས་གྲུབ་པའི་ སྟོན་པའི་སྣང་བརྙན་ རིང་ཚད་སེན་ཊི་མི་ཊར་༩.༥ འབད་མི་༡ དང་ རྒྱུ་གཟི་ཁྱིམ་ལས་གྲུབ་པའི་ སྟོན་པ་ཤཱཀྱ་ཐུབ་པའི་སྣང་བརྙན་ རྡོར་གདན་མའི་སྐུ་རིང་ཚད་སེན་ཊི་མི་ཊར་༡༣.༧ འབད་མི་༡ དེ་ལས་ གོས་ཆེན་དྲ་དུམ་༡ ཨརཝ་རྐུ་ནུག།
མ་གཞི་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དོན་ཚན་༣༥༡ (ཁ)པ་དང་༣༥༢ པའི་དགོངས་དོན་ལྟར་ དབྱེ་རིམ་ དང་པའི་བཙོན་ཁྲིམས་ ལོ་ངོ་༡༥ ལས་ ཚེ་བཙོན་ཚུན་ བཀལ་དགོཔ་སྦེ་ཨིན་པའི་ཁར་ སྐབས་བབ་ཀྱི་ རྩོད་གཞི་འདི་ སྐུ་གསུང་ཐུགས་རྟེན་དང་ ནང་གཟུངས་ཀྱི་གནོད་འགེལ་དང་འབྲེལ་བའི་ རྩོད་ཉོགས་ཨིནམ་ལས་ ཐོག་མའི་ཁྲིམས་འདུན་གྱིས་བཏོན་མི་ འཁྲུན་ཆོད་དེ་ ཆ་ཤས་ཅིག་ བསྒྱུར་བཅོས་འབད་དེ་ ཚེ་བཙོན་བཀལ་ཡི་ཟེར་ བཀའ་རྒྱ་གནང་ནུག།
ཉེས་འདོགས་པ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལས་ ཁྲིམས་རྩོདཔ་ ཡེ་ཤེས་རྡོ་རྗེ་གིས་ མཐོ་གཏུགས་ཞུ་མི་དང་འཁྲིལཝ་ད་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དེའི་དོན་ཚན་༣༥༢ པའི་ དགོངས་དོན་དང་འཁྲིལཝ་ད་ དབྱེ་རིམ་དང་པའི་ བཙོན་ཁྲིམས་དེ་ དམའ་ཤོས་ལོ་ངོ་༡༥ དང་ མཐོ་ཤོས་ཚེ་བཙོན་སྨིན་དགོཔ་འདུག་ཟེར་ ཨིན་པས།
ལྷག་པར་དུ་ ཁོ་གིས་ མཐོ་གཏུགས་འབད་མི་དང་འཁྲིལཝ་ད་ ཁྲིམས་དེབ་དེའི་ལེའུ་༧ (ཁ)པའི་ དགོངས་དོན་ལྟར་ སྐུ་གསུང་ཐུགས་རྟེན་ནམ་ ནང་གཟུངས་གྱི་ གནོད་འགེལ་འཐོན་པ་ཅིན་ རྩོད་ཟླ་ཞིག་ལུ་ ཚེ་བཙོན་སྨིན་དགོ་པའི་དོན་ཚན་ གསལ་རིལ་རི་ཡོད་ཟེར་ ཨིན་པས།
དེ་འབདཝ་ལས་ ཐོག་མའི་ཁྲིམས་འདུན་གྱིས་ ཚེ་བཙོན་ལས་ ལོ་ངོ་༣༠ ལུ་བསྒྱུར་བཅོས་འབད་ནིའི་ འོས་འབབ་མེདཔ་ད་ སྔོན་ལས་བྱུང་ཡོད་པའི་ སྐབས་བབ་ཀྱི་གནོད་འགེལ་དང་འདྲ་བའི་ རྩོད་བཤེར་ཚུ་ལུ་ བཙོན་ཁྲིམས་ཚེ་བཙོན་བཀལ་ཡོདཔ་སྦེ་ ཞུ་ནུག།
མཐོ་གཏུགས་པ་ ཀུན་བཟང་གིས་ ཞུ་མི་དང་འཁྲིལཝ་ད་ ལཱ་ངན་འདི་བཟུམ་འབད་མི་ལུ་ བློ་འགྱོད་སྦོམ་ཡོད་པའི་ཁར་ མ་ཤེས་མ་མཐོང་པར་འབད་ཡོདཔ་ལས་ ཐོག་མའི་ཁྲིམས་འདུན་གྱིས་བཏོན་མི་ འཁྲུན་ཆོད་དེ་ མར་ཕབ་འབད་གནང་ནི་དང་ ཡང་ཅིན་ བསྒྱུར་བཅོས་མེད་པར་ རང་འཇགས་གནང་ཐབས་སྦེ་ ཨིན་པས།
རྫོང་ཁག་ཁྲིམས་འདུན་གྱིས་བཏོན་མི་ འཁྲུན་ཆོད་དང་འཁྲིལཝ་ད་ ཉེས་འཛུགས་ཅན་ ཀུན་བཟང་གིས་ མ་བྱིན་ལེན་པ་འབད་བའི་ འབྲུག་གི་སྒྲུབ་བྱེད་བཅའ་ཁྲིམས་༢༠༠༥ ཅན་མའི་ དོན་ཚན་༨༤ པ་ལྟར་ ཉེས་ཅན་གྱིས་ ཁས་ལེན་གྲུབ་ཡོདཔ་ལས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་༢༠༠༤ ཅན་མའི་ དོན་ཚན་༣༥༡ པའི་(ཁ)ལས་འགལ་བའི་ ཉེས་རིམ་ཁྲིམས་དེབ་དོན་ཚན་༣༥༢ པ་ལྟར་ དབྱེ་རིམ་དང་པའི་ ཉེས་ཁྲིམས་སྨིན་དགོཔ་སྦེ་བཀོད་ནུག།
བཙོན་ཁྲིམས་དེ་ཡང་ དམའ་ཤོས་ལོ་༡༥ ལས་ མཐོ་ཤོས་ཚེ་བཙོན་གྱི་བར་ན་ སྨིན་དགོཔ་ཨིན་རུང་ ཁྲིམས་དེབ་དེའི་དོན་ཚན་༧ (ཁ) པ་དང་འཁྲིལཝ་ད་ ཚེ་བཙོན་སྨིན་དགོ་མི་དེ་ དང་པ་ ཁྲིམས་བཟོའི་དམིགས་པ་ལས་ དཔྱད་རུང་ མིག་ལྟོས་རུང་བའི་ ཚེ་བཙོན་སྨིན་དགོཔ་དང་ ཉེས་ལས་འདི་བཟུམ་འཐབ་པ་ཅིན་ གནོད་འགེལ་ བཀག་ཐབས་ཆེད་དུ་ ཚེ་བཙོན་བཀལ་དགོཔ་ཨིན་ཟེར་ ཨིན་པས།
ཨིན་རུང་ དྲང་ཁྲིམས་ཀྱི་དམིགས་དོན་གཙོ་བོ་ར་ བཙོན་པ་ཚུ་གི་བྱ་སྤྱོད་དང་ བསམ་པ་སེམས་བསྐྱེད་ལེགས་བཅོས་ཀྱི་གོ་སྐབས་མེདཔ་ལས་ ཁྲིམས་དེབ་དེའི་དོན་ཚན་༣༥༢ པ་དེ་ ཉེས་འཛུགས་ཅན་ལུ་ ཁེ་ཕན་ཡོདཔ་བཞིན་དུ་ འཛིན་བཟུང་འབད་བའི་ཉིནམ་ལས་ སྤྱི་ལོ་༢༠༡༨ ཟླ་༡ པའི་ཚེས་༤ ལས་ སྤྱི་ལོ་༢༠༤༨ ཟླ་༡ པའི་ཚེས་༤ ཚུན་ ལོ་ངོ་༣༠ གི་ བཙོན་ཁྲིམས་བཀལ་ནུག།
རྩོད་ཟླ་ཚེ་དབང་རིན་འཛིན་གྱིས་ ཉེས་འཛུགས་ཅན་ཀུན་བཟང་ལས་ གནོད་འགེལ་ཐོག་ལས་བྱུང་བའི་ ཅ་རྙིང་ ཨིནམ་བདེན་འཛིན་རེ་སྟེ་ གཟི་སྐྱོན་ཅན་དང་ བྱུ་རུ་ལུ་ རིན་གོང་དངུལ་ཀྲམ་༢༠,༠༠༠ བྱིན་ཏེ་ ཉོ་ཡོདཔ་མ་ཚད་ ད་རུང་ དེ་བཟུམ་འཐོབ་པ་ཅིན་ འབག་ཤོག་ཟེར་སླབ་སྟེ་བཏང་ཡོདཔ་ལས་ ཉེས་འཛུགས་སྨིན་དགོཔ་སྦེ་ཞུ་ནུག།
ཨིན་རུང་ ཚེ་དབང་རིན་འཛིན་གྱིས་ ཞུ་མིའི་ནང་ ཀུན་བཟང་དང་ཁོ་ར་ ཧེ་མ་ལས་ ངོ་ཤེས་འདྲིས་ཤེས་ཨིནམ་མ་ཚད་ བླམ་ཆོསཔ་འབདཝ་ལས་ ཐིམ་ཕུག་ལུ་ ཁོ་ར་སྡོད་སར་འོང་སྟེ་ ཏི་རུ་ཁག་ཆེཝ་ཐོན་ནི་དེ་གིས་ ཅ་ལ་ཚུ་ ཉོ་གནང་ཟེར་ འབག་འོང་པའི་སྐབས་ དྲི་དཔྱད་འབདཝ་ད་ ཨར་རྐུན་མེན་པར་ ཨ་ཞང་གི་ཨིན་ཟེར་ སླབ་མི་ལུ་བརྟེན་ ཡིད་ཆེས་བསྐྱེད་དེ་ ཉོ་ཡི་ཟེར་ཨིན་པས།
ཨིན་རུང་ ཐོག་མའི་ཁྲིམས་འདུན་གྱིས་ རྩོད་ཟླ་ཚེ་དབང་རིན་འཛིན་གྱིས་ བསམ་སྦྱོར་ཐོག་ལས་དང་ བརྐུས་ནོར་ཨིནམ་ཤེས་བཞིན་ ཡང་ཅིན་ བརྐུས་ནོར་ཡིན་སྲིད་པའི་ བདེན་འཛིན་རེ་སྟེ་ གཟི་དང་ བྱུ་རུ་ཚུ་ ཉོ་བཙོང་འཐབ་པའི་སྐོར་ འབྲུག་གི་ཞི་རྩོད་ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ ཁྲིམས་དེབ་དོན་ཚན་༩༦.༢ པའི་དགོངས་དོན་ལྟར་ ཐེ་ཚོམ་ལས་གྲོལ་བའི་ རྒྱུ་མཚན་ཅན་གྱི་མངོན་རྟགས་ ཁྲིམས་སའི་རེ་སྐོང་ཡོངས་སུ་རྫོགསཔ་སྦེ་ བཏོན་མ་ཚུགསཔ་ལས་ ཉེས་གྲོལ་བཏང་ཡོདཔ་སྦེ་ཨིན་པས།
ཁ་ཙ་བཏོན་མི་ བཀའ་རྒྱ་ལུ་ རྩ་ཕན་ཚུ་ བསམ་པ་མ་རྫོགས་པ་ཅིན་ མཐོ་གཏུགས་འབད་ནིའི་གོ་སྐབས་ གནང་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *