ཆུའི་ལས་འགུལ་གྱིས་ པད་ཚལ་གླིང་གི་ སོ་ནམ་པ་ཚུ་ ཆུའི་དཀའ་ངལ་བསལ་ཚུགས་པའི་རེ་བ།

༉ རྩི་རང་ པད་ཚལ་གླིང་རྒེད་འོག་ནང་ དམིགས་བསལ་ཆུའི་ལས་འགུལ་ འགོ་འབྱེད་འབད་མི་གིས་ རྒེད་འོག་གི་གཡུས་ ཚན་༣ གྱི་ཁྱིམ་གུང་༤༨ དེ་ཅིག་ནང་ འཐུང་ཆུ་དང་ ཞིང་ཆུའི་དཀའ་ངལ་ཡོད་མི་ཚུ་ བསལ་ཚུགས་པའི་རེ་བ་ཡོདཔ་ཨིན་པས།

གཡུས་ཚན་གྱི་ མི་སེར་མང་ཤོས་ཀྱིས་ ཚོད་བསྲེ་དང་ དངུལ་ཐོག་ཨ་ལཱན་ཅི་ལུ་བརྟེན་སྡོད་དོ་ཡོད་རུང་ ཆུའི་དཀའ་ ངལ་ཡོདཔ་ལས་ ཐོན་སྐྱེད་ལུ་ཐོ་ཕོག་སྟེ་ ཡོད་ཟེར་བཤདཔ་ཨིན་པས།

ད་ལྟོ་ པད་ཚལ་གླིང་གི་ སོ་ནམ་པ་ཚུ་གིས་ འཐུང་ཆུ་དང་ ཞིང་ཆུའི་དོན་ལུ་ ཁ་རེ་ཁོ་ལ་རོང་ཆུ་ནང་ལས་ སྒེར་གྱིས་ཆུ་འཐེན་ཏེ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།

ཙ་ཀ་གླིང་ལས་ཨིན་མི་ ཀུན་བཟང་རྣམ་རྒྱལ་གྱིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༦ ལུ་ འཐུང་ཆུ་དང་ ཞིང་ཆུ་བཏོན་ནིའི་དོན་ལུ་ དངུལ་ཀྲམ་༣༨,༠༠༠ གནས་པའི་ཆུ་དུང་ཉོ་ཡི་ཟེར་ཨིནམ་ད་ ཁོ་གིས་ ས་ཆ་ཨེ་ཀར་༥ དེ་ཅིག་ནང་ ཚོད་བསྲེ་དང་ ཨ་ལཱན་ཅི་ བཙུགས་ཡོདཔ་ཨིན་པས།

ཁོ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༢ ལས་འགོ་བཙུགས་ གཡུས་ཚན་དེ་ནང་ ཆུའི་དཀའ་ངལ་ཐོན་ཡི་ཟེར་ཨིནམ་ད་ པད་ཚལ་ གླིང་སྨད་ལས་ རིན་ཆེན་ཚེ་རིང་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་གི་ཚལ་ལུའི་ཐོན་སྐྱེད་དེ་ ནད་འབུབ་ལུ་བརྟེན་ ཐོན་སྐྱེད་མར་བབས་སོང་ཡོད་རུང་ ས་ཆ་ཨེ་ཀར་༣ ནང་ ཨ་ལཱན་ཅི་འཛུགས་སྐྱོང་འབད་དེ་ཡོད་ཟེར་ཨིན་པས།

གནམ་དགུན་གྱི་སྐབས་ལུ་ ཆུའི་དཀའ་ངལ་དེ་ ཧེང་སྐལ་ར་ སྐྱོ་དྲག་སོང་སྟེ་ འཐུང་ནིའི་དོན་ལུ་ཡང་ ལང་མ་ ཚུགས་པའི་དཀའ་ངལ་ བྱུངམ་ཨིན་ཟེར་ཨིན་མས།

ཁོ་གིས་སླབ་དོ་བཟུམ་འབད་བ་ཅིན་ གཡུས་ཚན་ནང་ སོ་ནམ་ཞིང་ལམ་བསལ་ཞིནམ་ལས་ཚུར་ ཆུའི་དཀའ་ངལ་ཐོན་ཡི་ཟེར་ ཨིནམ་ད་ ཆུའི་རྐ་དེ་ཡང་ ལམ་སེལ་བའི་ཤུལ་ལུ་ འགྲོས་ཀྱིས་སྦེ་ བསྐམས་སོ་ཡི་ཟེར་ཨིན་པས།

གཡུས་ཚན་དེ་ནང་སྡོད་མི་ཚུ་ ཁོ་ལ་ཁར་ཀ་ རོང་ཆུ་ལུ་བརྟེན་སྡོད་དོ་ཡོདཔ་ད་ གཡུས་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཧེ་མ་གཡུས་ཚན་གྱི་དོན་ལུ་ ཆུ་མཛོད་ཡོད་རུང་ འཆར་གཞི་དང་ ལྟ་རྟོག་ལེགས་ཤོམ་མེད་མི་ལུ་བརྟེན་ མཐར་འཁྱོལ་བྱུང་མ་ཚུགས་ཟེར་ཨིན་པས།

ཆུའི་རྐ་དེ་ གླངམོ་ཆེ་གིས་ གནོདཔ་བཀལ་སའི་ ས་ཁོངས་ནང་འབད་ནི་དེ་གིས་ མི་ཚུ་ཆུ་མཛོད་བསལ་བར་འགྱོ་མ་ ཚུགས་པར་ཡོད་ཟེར་ ཀུན་བཟང་རྣམ་རྒྱལ་གྱིས་བཤདཔ་ཨིན་པས།

ལོ་༢ ཀྱི་ཧེ་མར་ གནམ་བྱཱར་ཆརཔ་ཤུགས་སྦེ་ རྐྱབ་པའི་སྐབས་ ཆུའི་རྐ་དེ་ འཕྱགས་བདའ་ནི་དེ་གིས་ གནས་སྟངས་དེ་ ཧེང་ སྐལ་ར་ སྐྱོ་དྲག་སོང་ཡོདཔ་ཨིན་པས།

གཡུས་མི་ཅིག་གིས་ སླབ་མིའི་ནང་ ཆུའི་དཀའ་ངལ་དེ་གིས་ ཨམ་སྲུ་དང་ ཨ་ལོ་ཚུ་ལུ་ འབྱེམ་སྦོམ་ ཕོག་སྟེ་ཡོད་ཟེར་ཨིནམ་ད་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ང་བཅས་ཀྱི་ དཀའ་སྡུག་ལུ་གཟིགས་ཏེ་ ལས་འགུལ་ གནང་ཡོདཔ་ལས་ དེ་གིས་ མ་འོངས་པའི་དོན་ལུ་ ཕན་ཐོགས་པའི་རེ་བ་བསྐྱེད་དོ་ཟེར་ཨིན་པས།

མོ་གིས་ མོ་རའི་ཁྱིམ་གྱི་ ཉེ་འདབས་ལུ་ཡོད་མི་ རོང་ཆུ་ནང་ལས་ ཆུ་དབོགས་འཐུང་དོ་ཡོད་རུང་ ལོ་༡ ནང་ ཟླཝ་༨ དེ་ཅིག་ ཆུ་མེད་པར་ལུས་དོ་ཡོདཔ་ལས་ ཆུའི་རྐ་སོ་སོར་འཚོལ་དགོཔ་འདུག་ཟེར་ཨིན་པས།

རྫོང་ཁག་ནང་ དེ་བཟུམ་མའི་ལས་འགུལ་ཐེངས་༢ པ་ འགོ་བཙུགས་མིའི་ནང་ བདེ་སྲུངཔ་༦༠ དེ་ཅིག་གིས་ དངུལ་ཀྲམ་ས་ཡ་ ༥.༠༥ གནས་པའི་ ཆུའི་ལས་འགུལ་ནང་ ལཱ་འབད་དོ་ཡོདཔ་ད་ ལས་འགུལ་དེ་ ཟླཝ་༤ གི་ནང་འཁོད་ལུ་ མཇུག་བསྡུ་ ཚུགས་པའི་ རེ་བ་ཡོདཔ་ཨིན་པའི་གནས་ཚུལ།

About admin

Check Also

རྩི་རང་གི་ ས་གནས་གཞུང་གི་བཙག་འཐུའི་ནང ཁས་བླངས་གཙོ་བོ་ ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ རྩི་རང་སྟོད་ཀྱི་ ས་གནས་གཞུང་གི་འདེམས་ངོ་སྦེ་ གདམ་འཐུ་གྲུབ་མི་༡༡ ཡོདཔ་བཞིན་དུ་ ག་རང་གིས་ ཆུའི་དཀའ་ངལ་བསལ་ནི་ལུ་ གཙོ་རིམ་བཟུང་ཡོདཔ་མ་ཚད་ ཞིང་ཆུ་ལངམ་སྦེ་ མཁོ་སྤྲོད་འབད་ནི་ཨིན་པས། ཨིན་རུང་ ཚོགས་རྒྱན་བཙུགས་མི་ཚུ་གིས་འབད་བ་ཅིན་ ཧེ་མ་ཡང་ འདེམས་ངོ་ཚུ་ བཙག་འཐུ་གྲུབ་ཞིནམ་ལས་ …

Leave a Reply

Your email address will not be published. Required fields are marked *