༉ རྒྱལ་ཁབ་ཀྱི་གནས་ཚད་ནང་ དཔལ་འབྱོར་ཡར་དྲག་དང་ སོ་ནམ་ཐོན་སྐྱེད་ གཙང་སྦྲ་འཕྲོད་བསྟེན་ སོ་ནམ་གྱི་ཞིང་ལཱ་ཚུ་ ག་ཅི་གི་ཐད་ལས་འབད་རུང་ ཡར་རྒྱས་འགྱོ་དགོ་པ་ཅིན་ འདི་ཚུ་ ཆུ་ལུ་མ་བརྟེན་པར་ འབད་ཐབས་མེད་པའི་ ལས་དོན་གཙོ་བོ་ཅིག་ཨིན་མས།
དེ་འབད་ནི་དེ་གིས་ སྤྱི་ལོ་༢༠༠༧ ལས་འགོ་བཙུགས་ འཐུང་ཆུ་དང་ ཆུ་གཡུར་ཚུ་ གཙོ་རིམ་ཅན་གྱི་ གནས་ཐོ་ནང་ ཡོད་པའི་སྐོར་ལས་ གདམ་ངོ་དང་ འདེམས་ངོ་ དེ་ལས་ འཐུས་མི་ཚུ་གིས་ མདའ་གི་རྣ་བར་ དུག་སྦྱར་དོ་བཟུམ་སྦེ་ རང་སོའི་འདེམས་ཁོངས་ནང་ ཁས་བླངས་ཚུ་ མ་བཏུབ་བཏུབ་སྦེ་ གསལ་བསྒྲགས་འབད་སར་གོ་ཡི།
དམངས་གཙེའི་རིང་ལུགས་ འགོ་བཙུགས་ནིའི་དོན་ལུ་ གདམ་ངོ་ཚུ་གིས་ འདེམས་ཁོངས་ཚུ་ནང་ལས་ཕར་ ཁས་བླངས་གསལ་བསྒྲགས་ཀྱི་གྲས་ལས་ གཙོ་ཆེ་ཤོས་ཅིག་ འཐུང་ཆུ་དང་ ཞིང་ཆུ་ཨིན་ལུགས་ཚུ་བཤདཔ་མས།
གཡུས་མི་ཚུ་གིས་འབད་རུང་ རེ་བ་དང་ རེ་མཆི་སྦོམ་བསྐྱེད་དེ་ གལ་སྲིད་ ལྕོགས་གྲུབ་ཅན་གྱི་ གདམ་ངོ་དེ་ བཙག་འཐུ་འབད་ཚུགས་པ་ཅིན་ གཡུས་སྒོའི་དཀའ་ངལ་ བསལ་ཚུགས་ནི་མས་ཟེར་ རེ་འདོད་ཀྱི་བུམ་པ་སྟོང་ལོགས་སུ་མི་གཏོང་བའི་ སྣང་བ་ཤར་ཏེ་ གདམ་ངོ་ཚུ་ལུ་ ཚོགས་རྒྱན་བཙུགས་ཏེ་ བཙག་འཐུ་གྲུབ་པའི་ཤུལ་ལུ་ རེ་འདོད་ཀྱི་འདོད་པ་ བསྐང་མ་ཚུགས་པར་ལུས་པའི་བསྒང་ལས་ བློ་ཕམ་དགོཔ་ཡང་བྱུང་ནུག།
ད་རེས་ནངས་པར་ ཧ་ལམ་ ལྕང་ལཱ་གི་ལཱ་རན་དོ་ཡོད་མི་དང་བསྟུན་ གཡུས་མི་ཚུ་ སོ་ནམ་ཞིང་ལཱ་འབད་ནི་ལུ་ འུར་ཟིང་ལང་དོ་ཡོདཔ་ལས་ ཞིང་ཆུའི་དཀའ་ངལ་དེ་གིས་ གཡུས་མི་ཚུ་ ལོ་བསྟར་བཞིན་དུ་ དུས་རྒྱུན་གྱི་ ཚ་གྱང་ཅིག་སྦེ་ར་ ལུས་ཏེ་ཡོདཔ་ལས་ དཀའ་ངལ་དེ་ དཀའ་ངལ་སྦེ་ར་ ལུས་དོ་ཡོད་པའི་དྲན་ཚོར་བྱུངམ་མས།
རྒྱལ་ཁབ་ཀྱི་ དཔལ་འབྱོར་གཙོ་བོ་ཅིག་ ལྕང་ལཱ་གི་ལཱ་འབད་ནི་དེ་ཨིནམ་ལས་ གལ་སྲིད་ ལྕང་ལཱ་ཚུ་ མཐར་འཁྱོལ་བྱུང་དགོ་པ་ཅིན་ ཞིང་ཆུ་དེ་ མེད་ཐབས་མེདཔ་ཅིག་འབདཝ་ལས་ སོ་ནམ་པ་ཆུ་ ཞིང་ཆུ་མེད་པར་ ལཱ་འབད་ཐབས་གཞན་མེདཔ་ལས་ ས་ཁ་དམའ་སའི་ཆུ་ཞིང་ཚུ་ གཙང་ཆུའི་ནང་ལས་ ཆུ་འཐེན་ཐོག་ལག་ལེན་འཐབ་རུང་ གཞན་མི་ཚུ་ ལྷན་ཐབས་འབད་མི་ ཆར་ཆུ་མ་གཏོགས་ གཞན་མིན་ནུག།
ཆུ་གཡུར་གྱི་དཀའ་ངལ་དེ་ ད་རེས་ནངས་པར་ གསརཔ་ཐོན་ཐོནམ་མེན་པར་ སྔོན་དང་ཕུ་ལས་ར་ ཡོད་པའི་དཀའ་ངལ་ཅིག་འབད་ནི་དེ་གིས་ དུས་ཚོད་དང་བསྟུནམ་ད་ སེལ་ཚར་ནིའི་དུས་ཚོད་ཁར་ལྷོད་རུང་ འཐུས་ཤོར་ག་ཏེ་ལས་བྱུང་སྟེ་ བཤོལ་འགྱངས་སྦེ་ལུས་སོཔ་ཨིན་ན་ བརྟག་ཞིབ་ཐོག་ ངོས་ལེན་འབད་དགོཔ་འདུག།
གཡུས་མི་ཚུ་གི་ དཀའ་ངལ་སེལ་ཐབས་ལུ་ མི་དབང་མངའ་ཞབས་མཆོག་གིས་ ཆུའི་ལས་འགུལ་བཟོ་སྟེ་ བདེ་སྲུངཔ་ཚུ་གིས་ ས་གནས་ཁག་ཚུ་ནང་ལས་ཕར་ འཐུང་ཆུ་བཏོན་ཡོད་པའི་སྐོར་ བརྡ་བརྒྱུད་དང་ རྒྱང་བསྒྲགས་ཚུ་ནང་ གསལ་བསྒྲགས་འབདཝ་ད་ འཐུས་ཤོར་བྱུང་མིའི་གཙུག་སྡེ་ཚུ་ སྐྱེངས་པའི་གཞི་མ་ལས་ ཟུར་ཐབས་མིན་འདུག།
མི་དབང་མངའ་ཞབས་སྐུ་ཉག་གཅིག་ལུ་ བློ་གཏད་སྡོད་ནི་མེན་པར་ ཁ་གིས་སླབ་ སོ་གིས་ཐེབས་སྦེ་ ཁས་བླངས་ལྟར་དུ་ བསྒྲུབ་ནིའི་དུས་ཚོད་རན་ནུག།
ལོ་ལྔའི་གཞུང་ཐེངས་གསུམ་པ་ཡང་ ཧ་ལམ་ མཇུག་བསྡུ་རན་ཁར་ལྷོད་རུང་ གཡུས་སྒོའི་ཞིང་ཆུ་དང་ འཐུང་ཆུའི་དཀའ་ངལ་དེ་ སེལ་མ་ཚུགས་པར་ ལྷོད་འགྱངས་ཐོག་ལུས་མི་ལུ་ ངོས་ལེན་ དམ་སྒྲིང་མ་འབད་བ་ཅིན་ དེ་གིས་ འདས་ཟིན་པའི་ གཞུང་ལུ་ མ་འོངས་གྲུབ་འབྲས་འབྱུང་འགྱུར་དེ་ གཅིག་མཚུངས་འགྱོ་ནི་ཨིནམ་ལས་ དཀའ་ངལ་སེལ་ནི་ལུ་ འཐབ་ལམ་བཏོན་དགོཔ་འདུག།