ཆུའི་གཙོ་རིམ་གྱིས་ ཉེན་སྲུང་ལྡན་པའི་ ཆུ་བཀྲམ་སྤེལ་འབད་ཚུགས་ནི།

༉ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ གསུངས་མིའི་ནང་ འཐུང་ཆུ་ཚུ་ རྒྱལ་ཁབ་ནང་འཁོད་ཀྱི་ མི་སེར་ཚུ་གིས་ ཁྱིམ་གྱི་སྒོ་ཁར་ལས་ བརྒྱ་ཆ་ལས་བརྒྱ་ཆ་སྦེ་ར་ ཐོབ་སྤྱོད་འབད་ཚུགསཔ་བཟོ་འོང་ཟེར་ ཨིན་པས།
དེ་ཡང་ ཁ་ཙ་ ཞབས་ཏོག་ལྷན་ཁག་གི་དྲུང་ཆེན་ བཙན་སྐྱོགས་རྡོ་རྗེ་དང་ བློན་ཆེན་གྱི་བར་ན་ རྩིས་ལོ་༢༠༡༩-༢༠ འི་ འཐུང་ཆུ་དང་ ཞིང་ཆུའི་གཙོ་རིམ་གྱི་ ལོ་བསྟར་ལཱ་ཤུལ་གྲུབ་འབྲས་གན་ཡིག་གུ་ མཚན་རྟགས་བཀོད་པའི་སྐབས་ བློན་ཆེན་གྱིས་ གསུངས་ཡི།
ཞིང་ཆུའི་ཐད་ཁར་ ཆུ་རྐ་ལངམ་སྦེ་ར་མེད་པ་ཅིན་ བརྒྱ་ཆ་ལས་བརྒྱ་སྦེ་ འགྲུབ་ཚུགས་ནི་ལུ་ དུམ་གྲ་ཅིག་ ལཱ་ཁག་གཏང་ནི་མས་ཟེར་ཨིན་པས།
ཆུ་མེད་པའི་རྒྱལ་ཁབ་ཀྱིས་ ཆུ་ཚོང་འབྲེལ་འཐབ་ནི་ཡོད་རུང་ ང་བཅས་རའི་རྒྱལ་ཁབ་ནང་ དེ་བཟུམ་མེནམ་ལས་ དཀའ་ངལ་དེ་ཅིག་ར་མེད་ཟེར་ཨིནམ་ད་ ཆུའི་གཙོ་རིམ་དེ་ལུ་བརྟེན་ འབྲུག་པའི་མི་སེར་ཚུ་ལུ་ རྒྱ་ཆེ་དྲགས་སྦེ་ར་ ཕན་ཐོགས་འབྱུང་ཚུགས་ཟེར་ཨིན་པས།
འཆར་གཞི་༢ པ་མཇུག་བསྡུ་ཁམས་ལུ་ མི་སེར་ཚུ་ལུ་ ཉེན་སྲུང་དང་ལྡན་པའི་འཐུང་ཆུ་དང་ ཞིང་ཆུ་ ཚུ་ དུས་ཡུན་ཆུ་ཚོད་༢༤ གི་རིང་ བཀྲམ་སྤེལ་འབད་ནིའི་ དམིགས་གཏད་ཡོདཔ་ད་ དེ་ཡང་ ཚབས་ཆེན་གྱི་ཆུ་རྐ་དང་ ཞིང་ཆུ་བདག་འཛིན་འཐབ་ནི་ འཐུང་ཆུ་དང་ཞིང་ཆུ་ཚུ་ གནམ་གཤིས་ལས་ བཀག་ཚུགས་པའི་མཐུན་རྐྱེན་ཚུ་ བཟོ་ཞིནམ་ལས་འབད་ནི་ཨིན་པས།
དེ་མ་ཚད་ འཐུང་ཆུའི་སྤུས་ཚད་དང་ ཆུའི་ཁྲིམས་ལུགས་འཛིན་སྐྱོང་ཚུ་ གོང་འཕེལ་གཏང་ནི་ཨིནམ་ད་ ཆུའི་གཙོ་རིམ་དོན་ལུ་ གཞུང་གིས་ དངུལ་ཀྲམ་ཐེར་འབུམ་༣ དེ་ཅིག་ བགོ་བཀྲམ་འབད་ནུག།
ཆུའི་གཙོ་རིམ་དེ་ འཆར་གཞི་༡༢ པའི་ ལས་སྣ་ཅིག་ཨིན་པས།
དམིགས་བསལ་གྱི་ ཆུའི་གཙོ་རིམ་གྱི་དབྱེ་ཁག་དང་པ་དེ་ ཕུན་ཚོགས་གླིང་དང་ ཐིམ་ཕུག་ བསམ་གྲུབ་ལྗོངས་མཁར་ དེ་ལས་ དགེ་ལེགས་ཕུག་ཁྲོམ་སྡེ་༤ དང་ རྫོང་ཁག་༡༡ ནང་ ལག་ལེན་འཐབ་ནི་ཨིན་པས།
རྫོང་ཁག་ཚུ་ཡང་ ཐིམ་ཕུག་དང་ དར་དཀར་ནང་ མོང་སྒར་ སྤ་རོ་ པདྨ་དགའ་ཚལ་ བསམ་གྲུབ་ལྗོངས་མཁར་ བསམ་རྩེ་ བཀྲིས་སྒང་ ཀྲོང་གསར་ དབང་འདུས་ཕོ་བྲང་ དེ་ལས་ གཞལམ་སྒང་ཚུ་ཨིན་པས།
ཆུའི་གཙོ་རིམ་འགྲུབ་ནིའི་ལུ་ ཁྲོམ་སྡེ་ཚུ་གི་ འཐུང་ཆུའི་རྐ་སྦོམ་དང་ ཞིང་ཆུའི་གཅིག་འབྲེལ་ བརྟག་ཞིབ་འབད་ནི་དང་ ཆུ་འཕྲོ་བརླག་མར་ཕབ་ དེ་ལས་ ཁྲོམ་སྡེ་འཐུང་ཆུའི་ སྤུས་ཚད་གོང་འཕེལ་གཏང་ནི་ ལས་རིམ་གྱི་ གྲུབ་འབྲས་ཚུ་ ལྟ་རྟོག་འབད་ནི་ཨིན་པའི་ཁར་ རྫོང་ཁག་གི་ ལས་རིམ་ཐད་ཁར་ ཁྲོམ་སྡེ་འཐུང་ཆུའི་ ལམ་ལུགས་དང་ལས་སྣ་ཚུ་ ལག་ལེན་འཐབ་ནི་ཨིན་པས།
རྩིས་ལོ་༢༠༡༩-༢༠ གི་ ཆུའི་གཙོ་རིམ་གྱི་ ལས་འགུལ་དེ་ལུ་ གཞུང་གིས་ དངུལ་ཀྲམ་ས་ཡ་༥༠༠ བགོ་བཀྲམ་འབད་ཡོདཔ་ད་ ལོ་དེ་ནང་ ཁྲོམ་སྡེའི་ཆུ་རྐ་བརྟག་ཞིབ་འབད་ནི་དང་ སྐྱེ་ལྡན་གནས་སྟངས་ཞབས་ཏོག་བརྟག་ཞིབ་ནང་ འཐུས་སྤྲོད་ནི་ དེ་ལས་ ཆུའི་བཀྲམ་སྤེལ་ལམ་ལུགས་ཀྱི་ འོས་འབབ་ལྡན་པའི་ ཞིབ་འཇུག་འབད་ནི་ཨིན་པས།
དེ་ལས་ རྫོང་ཁག་༡༡ དང་ ཁྲོམ་སྡེ་༤ ནང་ ཆུ་མཛོད་དང་ བཀྲམ་སྤེལ་ལམ་ལུགས་ དེ་ལས་ ཆུ་བརྟག་ཞིབ་ལྟེ་བ་ ཡར་དྲག་གཏང་ནི་ཚུ་བརྩིས་ཏེ་ གྲོང་གསེབ་དང་ ཁྲོམ་སྡེའི་ འཐུང་ཆུ་བཀྲམ་སྤེལ་ལམ་ལུགས་ བཟོ་སྐྲུན་འབད་ནི་ཨིན་པས།
ལས་རིམ་གྱི་དོན་ལུ་ ཞབས་ཏོག་དྲུང་ཆེན་དང་ འབྲེལ་ཡོད་ལས་སྡེ་ཚུ་གི་བར་ན་ཡང་ ལོ་བསྟར་ལཱ་ཤུལ་གྲུབ་འབྲས་གན་ཡིག་གུ་ མཚན་རྟགས་བཀོད་ཅི།
ཁ་ཙ་ བློན་ཆེན་དང་ དངུལ་རྩིས་ལྷན་ཁག་ ནང་སྲིད་ལྷན་ རང་དབང་ཅན་གྱི་གཙུག་སྡེ་༡༠ དེ་ལས་ བསྟན་རྒྱས་ལྷན་ཁག་གིས་ ཚོང་དང་བཟོ་གྲྭ་ཆུང་བའི་ དམིགས་བསལ་ལས་རིམ་ཚུ་གི་བར་ན་ཡང་ ལོ་བསྟར་ལཱ་ཤུལ་གྲུབ་འབྲས་གན་ཡིག་གུ་ མཚན་རྟགས་བཀོད་ཅི།
ཚོང་དང་བཟོ་གྲྭ་ཆུང་བའི་ དམིགས་བསལ་ལས་རིམ་གྱིས་ ཚོང་དང་བཟོ་གྲྭ་ཆུང་བ་ཚུ་ གོང་འཕེལ་གཏང་ནིའི་དོན་ལས་ ཚོང་འབྲེལ་གཞི་བཙུགས་འབད་ནི་ལུ་ རྒྱབ་སྐྱོར་དང་ ཚོང་འབྲེལ་ལམ་ལུགས་བཟོ་ནི་ལུ་ ལྷན་ཐབས་འབད་ཚུགས་ནི་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *