ཆུམ་གྱི་རང་ལྡང་བརྒྱ་ཆ་༩༠ དེ་ཅིག་ འགྲུབ་ཚུགས་པའི་དམིགས་གཏད།

༉ སོ་ནམ་ལྷན་ཁག་གིས་ རྒྱལ་ཁབ་ནང་ སོ་ནམ་ལུ་བརྟེན་པའི་ ཐོན་སྐྱེད་ཚུ་ རང་འཚོ་རང་ལྡང་གི་ དམིགས་ཡུལ་འགྲུབ་ནིའི་དོན་ལུ་ སོ་ནམ་དང་འབྲེལ་བའི་ ལས་སྣ་ཚུ་ནང་ ཐབས་བྱུས་རྣམ་པ་སྣ་ཚོགས་ བཏོན་ཡོདཔ་བཞིན་དུ་ གྲུབ་འབྲས་ཡང་ ཧ་ལམ་ ལེགས་ཤོམ་སྦེ་ར་ བྱུང་སྟེ་འདུག།
ལྷན་ཁག་གིས་ དམིགས་བསལ་དུ་ ལྷོ་མཚམས་རྫོང་ཁག་ཚུ་ནང་ བཟའ་སྤྱོད་མ་འབད་བར་ མཐའ་འཁོབ་སྦེ་ལུས་མི་ ས་ཞིང་སྟོངམ་ཚུ་ ལོག་ལག་ལེན་འཐབ་སྟེ་ འབྱ་འཛུགས་སྐྱོང་འབད་མི་ལུ་བརྟེན་ ཆུམ་གྱི་རང་ལྡང་ ཧ་ལམ་བརྒྱ་ཆ་༩༠ དེ་ཅིག་ འགྲུབ་ཚུགས་པའི་ དམིགས་གཏད་བསྐྱེདཔ་ཨིན་མས།
འཛམ་གླིང་དངུལ་ཁང་གི་ སྙན་ཞུ་དང་འཁྲིལཝ་ད་ སོ་ནམ་ཐོན་སྐྱེད་རྐྱངམ་གཅིག་གིས་ར་ དཔལ་འབྱོར་གྱི་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ནང་ དངུལ་ཀྲམ་ས་ཡ་༡༤ ལྷན་ཐབས་འབད་དེ་འདུག་ཟེར་ཨིན་མས།
དེ་ཡང་ ག་འཆརཔ་ཟེར་བ་ཅིན་ སྤྱི་ལོ་༢༠༡༢ ལུ་ ཆུམ་མེ་ཊིག་ཊཱོན་༥༢,༢༥༢ ཐོན་སྐྱེད་འབད་མི་དེ་ ས་ཆ་ཨེ་ཀར་རེ་ལས་ ཐོན་ཤུགས་ཀེ་ཇི་༡,༤༩༣ ཨིན་རུང་ ད་རེས་འབདཝ་ད་ ས་ཆ་ཨེ་ཀར་རེ་ལས་ ཆུམ་ཀེ་ཇི་༡,༦༠༤ ཐོན་སྐྱེད་འབད་མི་ལུ་ལྟཝ་ད་ ཐོན་ཤུགས་ཀྱི་ཐད་ཁར་ ཡར་སེང་སོང་ནུག།
དེ་ལས་ སྤྱི་ལོ་༢༠༡༢ ལུ་ རེད་མེ་ཊིག་ཊཱོན་༧༨,༠༠༠ ཐོན་སྐྱེད་འབད་མི་དེ་ འདས་པའི་ལོ་ནང་ མེ་ཊིག་ཊཱོན་༨༥,༠༩༠ ལུ་ ཡར་སེང་སོང་ཡོདཔ་ལས་ སྤྱི་ལོ་༢༠༡༢ དང་༢༠༡༦ གི་བར་ན་ ཐོན་སྐྱེད་ཀྱི་ཐད་ཁར་ རེད་མེ་ཊིག་ཊཱོན་༧,༠༠༠ ལྷགཔ་ཅིག་ ཡར་སེང་སོང་ནུག།
རྒྱལ་ཁབ་ནང་ འབྱ་ཞིང་གི་ རྒྱ་ཚད་དེ་ཡང་ སྤྱི་ལོ་༢༠༡༢ ལུ་ ཨེ་ཀར་༥༢,༢༥༢ འབད་མི་དེ་ འདས་པའི་ལོ་ནང་ ཨེ་ཀར་༥༣,༠༠༠ ལུ་ རྒྱ་བསྐྱེད་འབད་ནུག།
སོ་ནམ་གྱི་ རྩིས་དཔྱད་ནང་ དུས་ཅི་ ཆུམ་གྱི་རང་ལྡང་ཐད་ཁར་ བརྒྱ་ཆ་༥༣ ལས་༥༨.༧ ལུ་ ཡར་སེང་སོང་མི་དེ་ གྲུབ་འབྲས་ལེགས་ཐོན་ཅིག་ཨིནམ་ད་ དེ་ཡང་ གཙོ་བོ་ར་ ལོ་བསྟར་བཞིན་དུ་ རྒྱལ་ཁབ་ནང་ འབྱ་གི་ཐོན་སྐྱེད་ ཡར་དྲག་འགྱོ་བའི་ རྟགས་མཚན་ཨིན་མས།
འབྱ་གི་ཐོན་ཤུགས་ རྒྱ་ཆེ་དྲག་སྦེ་དགོ་པའི་གནད་དོན་ཅིག་ ལྷན་ཁག་གིས་ འབྱ་ཞིང་ཚུ་ རི་དྭགས་སེམས་ཅན་གྱི་ གནོད་བཀལ་ནི་ལས་ ཉེན་སྲུང་འབད་ནིའི་དོན་ལུ་ གློག་ཐག་ར་བ་ཚུ་ བསྒོར་ཡོདཔ་མ་ཚད་ ཐོན་ཤུགས་ཆེ་བའི་སོན་དང་ སོ་ནམ་འཕྲུལ་ཆས་ ཞིབ་འཚོལ་དང་ཐབས་རིག་ དེ་ལས་ འཕྲུལ་སྒྱུར་ཞིང་ལཱ་འབད་ནིའི་ནང་ རྒྱུ་སྦུང་གཉིས་ཆ་རའི་ཁ་ཐུག་ལས་ རྒྱབ་སྐྱོར་ལེགས་ཤོམ་འབད་མི་ལུ་བརྟེན་ཨིན་མས།
ད་ལྟོ་བཟུམ་ཅིག་འབད་བ་ཅིན་ རྫོང་ཁག་ཚུ་གི་གྲས་ལས་ སྤུ་ན་ཁ་དང་ རྩི་རང་ སྤ་རོ་ དར་དཀར་ནང་ དེ་ལས་ བསམ་རྩེ་ཚུ་ ཆུམ་རང་ལྡང་ཡོད་མི་ རྫོང་ཁག་ཨིན་མས།
ལྷན་ཁག་གིས་ དུས་ཅི་ལས་ འགོ་བཙུགས་ཏེ་ ཚོང་འབྲེལ་གྱི་དོན་ལུ་ གནམ་སོ་ཁའི་ ལྕང་ལཱ་རྐྱབ་མི་དེ་ ཞིང་པ་ཚུ་གི་དོན་ལུ་ གནས་ཚུལ་ལེགས་ཤོམ་ཨིནམ་བཞིན་དུ་ མོ་བཏབ་ཐོག་ལས་ ལྷོ་མཚམས་རྫོང་ཁག་༣ ནང་ སོ་ཁའི་ལྕང་ལཱ་རྐྱབ་མི་དེ་གིས་ ཡོངས་བསྡོམས་རེད་མེ་ཊིག་ཊཱོན་༧༧ ལྷགཔ་ཅིག་ ཐོན་སྐྱེད་འབད་ནུག།
ད་ལས་ཕར་ ལྷན་ཁག་གིས་ ལོ་གཅིག་ནང་ འབྱ་ལཱ་ཚར་༣ རྐྱབ་ནི་གི་ འཆར་གཞི་ཡོད་མི་དེ་གིས་ སོ་ནམ་ཞིང་པ་ཚུ་གི་ འཚོ་བའི་གནས་སྟངས་ ཡར་དྲག་གཏང་ཚུགས་པའི་ཁར་ འོང་འབབ་བཟོ་ནི་ལུ་ཡང་ ཕན་ཁྱད་འབྱུང་ནི་མས་ཟེར་ ཞུ་ནི་ཨིན།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *