ཆུམ་གྱི་ཐོན་སྐྱེད་ རང་ལྡང་བཟོ་ནི་ལུ་ བརྩོན་ཤུགས་བསྐྱེད་དགོཔ།

༉ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ འཕྲོ་མཐུད་དེ་ར་ ནང་འཁོད་ལས་ཐོན་སྐྱེད་འབད་མི་ ཆུམ་གྱི་རིགས་ཚུ་ ཉོ་སྒྲུབ་འབད་ནི་ཨིནམ་ལས་ སོ་ནམ་པ་ཚུ་གི་དོན་ལུ་ གནས་ཚུལ་བཟང་པོ་ཅིག་ཨིན་མས།

དེ་ཡང་ གཙོ་བོ་ར་ སོ་ནམ་པ་ཚུ་གིས་ འབྱ་འཛུགས་སྐྱོང་འབད་ནི་ལུ་ སེམས་ཤུགས་བསྐྱེད་བཅུག་ནི་དང་ རྒྱལ་ཁབ་ནང་ ཆུམ་གྱི་ཐོན་སྐྱེད་ ཡར་སེང་འབད་ཐོག་ལས་ རང་མགོ་རང་འདྲོངས་བཟོ་ནིའི་ ཐབས་བྱུས་ཨིན་མས།

ད་ལས་ཕར་ རྒྱལ་ཁབ་མཐའ་དབུས་མེད་པར་ སོ་ནམ་ཚོང་ཁང་༡༠༠ ལྷགཔ་ཅིག་ གཞི་བཙུགས་འབད་མི་ཚུ་གིས་ སོ་ནམ་པ་ཚུ་ལས་ རེད་ཉོ་ཞིནམ་ལས་ ཆུམ་འཐག་སྟེ་ ཚོང་སྒྱུར་འཐབ་ནི་ཨིན་མས།

ལཱ་ཤུལ་དབྱེ་ཞིབ་སྙན་ཞུ་དང་འཁྲིལཝ་ད་ ས་གནས་ལ་ལོ་ཅིག་གིས་ ཐོན་སྐྱེད་འབད་མི་ ཆུམ་གྱི་རིགས་ཚུ་གིས་ གོང་ཚད་ལེགས་ཤོམ་སྦེ་ ཐོབ་མ་ཚུགས་ནི་དེ་གིས་ ཚོང་འབྲེལ་ལུ་ ཐོ་ཕོག་མི་ལུ་བརྟེན་ སོ་ནམ་ལྷན་ཁག་དང་ གཞུང་གིས་ བར་འབྲེལ་འཐབ་སྟེ་ ཆུམ་གྱི་སྤུས་ཚད་ ལེགས་བཅོས་འབད་དགོཔ་ད་ དེའི་དོན་ལུ་ ཞིབ་འཚོལ་རྣམ་དག་ཅིག་ འབད་དགོཔ་འདུག་ཟེར་ཨིན་མས།

མ་གཞི་ སློབ་གྲྭའི་བཟའ་སྤྱོད་ལས་རིམ་བརྒྱུད་དེ་ སློབ་གྲྭ་ཚུ་ནང་ ས་གནས་ཁག་གིས་ ཐོན་སྐྱེད་འབད་མི་ཆུམ་ཚུ་ བཀྲམ་སྤེལ་འབད་ནིའི་དོན་ལུ་ འབྲུག་བཟའ་སྤྱོད་ལས་འཛིན་དང་ ཤེས་རིག་ལྷན་ཁག་གི་བར་ན་ ཆིངས་ཡིག་ཅིག་ བཟོ་སྟེ་ཡོད་རུང་ ད་ལྟོ་ཚུན་ ལག་ལེན་འཐབ་མ་ཚུགས་པར་ ལུས་ཡོདཔ་ལས་ རྗེས་དཔྱད་འབད་དགོཔ་འདུག།

རྒྱལ་ཁབ་ནང་ བཟའ་སྤྱོད་འབད་བཏུབ་པའི་ ས་ཞིང་གི་ཚད་གཞི་དེ་ ལོ་བསྟར་བཞིན་དུ་ མར་ཉམས་འགྱོ་དོ་ཡོདཔ་ད་ དེ་ཡང་ སྣུམ་འཁོར་ལམ་དང་ སྒྲིང་ཁྱིམ་ དེ་ལས་ ཁྲོམ་སྡེ་གོང་འཕེལ་ལུ་བརྟེན་ འབྱ་ཞིང་ཨེ་ཀར་༡,༠༢༣ དེ་ཅིག་ ཚུད་ཡོདཔ་མ་ཚད་ རྒྱལ་ཁབ་ནང་འཁོད་ལུ་ སྤྱིར་བསྡོམས་འབྱ་ཞིང་ཨེ་ཀར་༦,༣༤༥ དེ་ཅིག་ མཐའ་འཁོབས་སྦེ་ ལུས་ནི་དེ་གིས་ཨིན་མས།

ཆུམ་གྱི་ཐད་ཁར་ རང་ལྡང་བཟོ་དགོ་པ་ཅིན་ རྒྱལ་ཁབ་ནང་ ལོ་བསྟར་བཞིན་དུ་ ཆུམ་མེ་ཊིག་ཊཱོན་༢༦༠,༣༢༠ དེ་ཅིག་ ཐོན་སྐྱེད་འབད་ཚུགས་པའི་ འབྱ་ཞིང་ཨེ་ཀར་༡༦༠,༠༠༠ དེ་ཅིག་ ངེས་པར་དུ་དགོཔ་ད་ ད་ལྟོ་བཟུམ་ཅིག་འབད་བ་ཅིན་ རྒྱལ་ཁབ་ནང་ ཧ་ལམ་ ཆུམ་མེ་ཊིག་ཊཱོན་༡༨༠,༠༦༨ དེ་ཅིག་ མ་ལང་པར་ཡོདཔ་ལས་ སོ་ནམ་པ་ཚུ་ལུ་ ཆུམ་འབོར་ཆེ་ཏོག་ཏོ་སྦེ་ ཐོན་སྐྱེད་འབད་ནི་ལུ་ སེམས་ཤུགས་བསྐྱེད་བཅུག་ནི་དེ་ གལ་ཆེ་དྲགས་ཅིག་ཨིན་མས།

ཐོན་ཤུགས་ཉུང་མི་དང་ གླ་ཆ་མཐོ་དྲགས་ ཞིང་ཆུ་དཀོན་དྲགས་ རི་དྭགས་སེམས་ཅན་གྱི་གནོད་སྐྱོན་ ཚོང་ལམ་ཉུང་སུ་འབད་མི་ བསྐྱིན་འགྲུལ་མ་ཐོབ་མི་ དེ་ལས་ འཕྲུལ་ཆས་མེད་པའི་ གནད་དོན་ཚུ་ལུ་བརྟེན་ ང་བཅས་རའི་ སོ་ནམ་ཞིང་པ་ཚུ་ ཆུ་ཞིང་རྒྱ་ཆེ་དྲགས་སྦེ་ ལྕང་ལཱ་རྐྱབ་ནི་ལུ་ སེམས་ཤུགས་བསྐྱེད་མི་ཚུགས་དོ་ཡོདཔ་ཨིན་མས།

དཀའ་ངལ་དང་ གདོང་ལེན་ཚུ་ ང་བཅས་ཀྱིས་ ཤེས་རྟོགས་བྱུངམ་ལས་ ད་ལས་ཕར་ སེལ་ཐབས་འབད་ནི་ལུ་ དམིགས་གཏད་བསྐྱེད་དེ་ ལག་ལེན་འཐབ་དགོཔ་ད་ གལ་སྲིད་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ཆུམ་གྱི་ཐོན་སྐྱེད་འབོར་ཆེ་དྲགས་སྦེ་ འབད་ནིའི་འཆར་གཞི་ཡོད་པ་ཅིན་ ཐ་ན་ ན་གཞོན་ཚུ་ལུ་ཡང་ ལཱ་གཡོག་གི་གོ་སྐབས་ བྱིན་ཚུགས་པའི་ འོས་འབབ་འདུག།

དེ་དང་བསྟུན་ སོ་ནམ་གོང་འཕེལ་གཏང་དགོ་པ་ཅིན་ མ་རྩ་བཙུགས་ནི་དེ་ཡང་ གནད་དོན་ཁག་ཆེ་དྲགས་ཅིག་ཨིནམ་ད་ སོ་ནམ་ལས་སྡེ་ནང་ རྒྱལ་ཡོངས་འཆར་དངུལ་བརྒྱ་ཆ་༢.༣ རྐྱངམ་གཅིག་ བགོ་བཀྲམ་འབད་མི་དེ་གིས་ རྒྱལ་ཁབ་ནང་ ཆུམ་གྱི་རང་ལྡང་བཟོ་ནིའི་དམིགས་ཡུལ་ འགྲུབ་ཚུགས་པར་ ལཱ་ཁག་རྐྱབ་ནི་ཨིནམ་ལས་ མ་འོངས་པ་ལུ་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ཐུགས་བཞེད་རྒྱ་ཆེ་ལས་ གནང་དགོཔ་འདུག་ཟེར་ ཞུ་ནི་ཨིན།

About admin

Check Also

ཕན་རླབས་ཅན་གྱི་ འཆར་གཞི་བརྩམ་ནི་དང་ གྲོས་ཐག་གཅད་ནི་ལུ་ གཙོ་རིམ་བཟུང་དགོཔ།

༉ ཡུན་མ་རིངམོ་ཅིག་གི་ཧེ་མར་ གཞུང་གིས་ ཁྱིམ་ནང་ལཱ་འབད་མི་ ཕྱི་ཁའི་ལས་མི་ཚུ་ ནང་འདྲེན་འབད་མ་ཆོག་པའི་ བཀག་ཆ་འབད་ཡོདཔ་ད་ དེ་ཡང་ གཙོ་བོ་ར་ ཕྱི་ཁའི་ལཱ་འབད་མི་ དམིགས་བསལ་དུ་ ན་གཞོན་བུམོ་ཚུ་དང་འབྲེལ་བའི་ དཀའ་ངལ་བྱུང་མི་ལུ་བརྟེན་ཨིན་མས། མ་གཞི་ འདི་བཟུམ་མའི་ …

Leave a Reply

Your email address will not be published. Required fields are marked *