ཁ་ཙ་ཕྱི་རུ་ ལྷན་རྒྱས་གདན་སའི་བློན་ཆེན་གྱི་གཟིམ་ཅུང་ནང་ བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་དང་ ཁོ་རའི་ཕམ་གཉིས།

ཆུང་ཀུ་བསྒང་ལས་ར་ བསམ་པ་སེམས་བསྐྱེད་ བཟང་དྲགས་ཡོདཔ།

སྤྱི་ཟླ་༡༢ པའི་ཚེས་༡༧ ལུ་ ཨམ་གླེམོ་གིས་ མོ་རའི་རྒྱང་མཐོང་བཙུགས་ཏེ་ རྒྱལ་ཡོངས་དུས་ཆེན་བརྩི་སྲུང་མཇལ་ནི་ འགོ་བཙུགས་ནུག།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མོ་རའི་བུ་འབོཝ་ད་ བུ་དེ་ དེ་འཕྲོ་ལས་ འོང་མ་ཚུགས་པའི་ དུས་ཡུན་སྐར་མ་དག་པ་ཅིག་ནང་ མོ་གི་དོན་ཧིང་ ཐོན་འགྱོ་སག་ས་སྦེ་ བསྒུགས་སྡོད་ཡོདཔ་ཨིན་པས།

རྒྱལ་ཁབ་ཀྱི་ མི་སེར་ག་ར་ བསྒུགས་སྡོད་ཡོདཔ་ད་ ངེའི་བུ་དེ་གིས་ ག་ཅི་ཅིག་ འཐུས་ཤོར་སོཔ་ཨིན་ན་ཟེར་ གནམ་མེད་ས་མེད་ ཚ་གྱང་ལང་སྡོད་ཅི་ཟེར་ སྐྱེས་ལོ་༧༦ ལང་མི་ ཨམ་གླེམོ་གིས་ དྲན་ཚོར་འབདཝ་མས།

དུས་ཡུན་དག་པ་ཅིག་གི་རྒྱབ་ལས་ བློ་གྲོས་ཚེ་རིང་འོང་སར་མཐོང་སྟེ་ ཀརྨ་ལྷ་མོ་ཟེར་ཡང་སླབ་མི་ ཨམ་གླེམོ་དེ་ བློ་བདེ་ཏོག་ཏོ་བྱུང་ཡོདཔ་ད་ མོ་རའི་བུ་གིས་ རྒྱལ་ཡོངས་དུས་ཆེན་སྐབས་ རྒྱལ་ཡོངས་ཀྱི་ གཟེངས་བསྟོད་རྟགས་མ་ཐོབ་མི་དེ་ ད་རེས་འབདཝ་ད་ ཐེངས་༢ པ་ཨིན་པས།

བློན་ཆེན་གྱིས་ སྤྱི་ལོ་༢༠༡༧ ལུ་ ཧཱ་ལུ་ རྒྱལ་ཡོངས་དུས་ཆེན་སྐབས་ མི་དབང་མཆོག་ལས་ འབྲུག་ཐུགས་སྲས་ཀྱི་རྟགས་མ་ ཞུ་ཡོདཔ་ཨིན་པས།

བློན་ཆེན་དེ་ རྒྱལ་ཁབ་ཀྱི་ རྒྱལ་རབས་ནང་ ལུང་དམར་གྱི་ བཀབ་ནེ་ཐོབ་མི་དང་ དྲག་ཤོས་ཀྱི་ མཚན་གནས་ཐོབ་མི་༣ པ་ཨིནམ་ད་ ལུང་དམར་དེ་ འབྲུག་རྒྱལ་གསུམ་པའི་སྐབས་ གནང་པའི་ཤུལ་ལས་ སྤྱི་ལོ་༢༠༡༤ ལུ་ བཀྲིས་སྒང་བཀང་ལུང་ལུ་ རྒྱལ་ཡོངས་འདུ་ཆེན་ཐེངས་༡༠༧ པ་ བརྩི་སྲུང་ཞུཝ་ད་ བློན་ཆེན་བགྲེསཔ་ ཚེ་རིང་སྟོབས་རྒྱས་ལུ་གནང་ནུག།

མོ་ར་ བློན་ཆེན་བློ་གྲོས་ཚེ་རིང་གི་ ཨའི་འབདཝ་ལས་ དེ་བཟུམ་མའི་ གོ་གནས་ཐོབ་མི་ལུ་བལྟ་སྟེ་ དཔའ་རྔམ་བསྐྱེད་ནིའི་ དུས་སྐབས་ཅིག་ བྱུང་ཡོདཔ་ལས་ གནམ་མེད་ས་མེད་ སེམས་དགའ་ཡི་ཟེར་ གླེམོ་གིས་ དགའ་འཛུམ་དང་བཅསཔ་སྦེ་ བཤདཔ་ཨིན་པས།

མོ་གིས་འབད་བ་ཅིན་ མོ་ རྒྱལ་ཡོངས་དུས་ཆེན་མཇལ་སྡོད་པའི་བར་ན་ དཔྱད་རིག་མེད་པའི་རི་ལས་ རྣམ་རྟོག་མེད་པའི་ཆརཔ་ཟེར་དོ་བཟུམ་ གནས་ཚུལ་གོཝ་ད་ ཧ་ལས་དགོཔ་བྱུང་ཡི་ཟེར་ཨིན་པས།

ང་བཅས་མི་མཉམ་ཆུང་ཅིག་ཨིན་རུང་ མོ་རའི་བུ་ ཆུང་ཀུ་སྦེ་ སྡོད་པའི་བསྒང་ལས་ར་ གཞུང་གི་མནོ་བསམ་བཏང་སྟེ་ སྡོད་མི་ཅིག་འབདཝ་ལས་ ད་རེས་ མི་དབང་མཆོག་གིས་ དེ་བཟུམ་གནངམ་ད་ དཀའཝ་སྤྱད་པའི་ གྲུབ་འབྲས་ཅིག་ཨིན་མས་ཟེར་ མནོ་བསམ་ལེ་ཤ་བཏང་དགོཔ་བྱུང་ཡི་ཟེར་ ཨམ་གླེམོ་གིས་ བཤདཔ་ཨིན་པས།

བློན་ཆེན་དང་ ཆུང་ཚེ་ལས་ ཤེས་ཡོན་སྦྱང་མི་ མཉམ་རོགས་ཚུ་གིས་ སླབ་མིའི་ནང་ ཁོ་ར་ ཆུང་ཀུ་བསྒང་ལས་ སྙིང་རུས་ཅན་དང་ ལཱ་རྩ་འགངས་ཏེ་འབད་མི་ཅིག་ཨིནམ་ལས་ ད་རེས་ བློན་ཆེན་གྱིས་ བཀབ་ནེ་དེ་བཟུམ་ ཐོབ་མི་དེ་ འོས་འབབ་ཡོད་ཟེར་ཨིན་པས།

ཆུང་ཀུ་བསྒང་ལས་ར་ བློན་ཆེན་དང་ ཤེས་ཡོན་སྦྱང་མི་ ཐིམ་ཕུག་གི་ཁྲོམ་དཔོན་ ཀུན་ལེགས་རྡོ་རྗེ་གིས་ བློན་ཆེན་དེ་ བསམ་པ་སེམས་བསྐྱེད་ལས་འབད་རུང་ ལེགས་ཤོམ་ཡོད་པའི་ཁར་ མི་མ་འདྲཝ་ཅིག་ཨིན་ཟེར་ བཤདཔ་ཨིན་པས

ཁྲོམ་དཔོན་དང་ བློན་ཆེན་༢ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་ ཁང་མིག་གཅིག་ནང་སྡོད་མི་ མཉམ་རོགས་ཅིག་ཨིནམ་ད་ ཁྲོམ་དཔོན་གྱིས་ ཉམས་མྱོང་བརྗེ་སོར་འབད་མིའི་ནང་ སྤྱི་ལོ་༡༩༨༩ ལུ་ ཁོ་ར་ བཤལ་ནད་ཐོབ་སྟེ་ལཱ་ཁག་བཏང་སྡོདཔ་ད་ ཁོ་ལུ་ སྨན་འཚོལ་ཐོག་ལས་ ཁོ་དང་འདྲན་འདྲ་ ཞག་མ་ཉལ་བར་སྡོད་ཅི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ བློན་ཆེན་དེ་ ག་ཅིའི་ཐད་ལས་འབད་རུང་ ཐ་དམ་ཚིག་བསྟེན་ཐོག་ལས་ ལཱ་འབད་ཅིག་ཨིན་པའི་ཁར་ ཁོ་ར་ ཌོག་ཊར་སྦེ་ ཕྱག་ཞུ་རུང་ གློ་བུར་གྱི་ གནས་སྟངས་ནམ་ར་ཐོན་རུང་ འཚེར་སྣང་ག་ནི་ཡང་མེད་པར་ འབད་ཆོག་ཆོ་སྦེ་ སྡོད་འོང་ཟེར་ཨིན་པས།

བློན་ཆེན་དང་ དྲུང་འཚོའི་སློབ་སྦྱོང་གཅིག་ཁར་འབད་མི་ ཕྱི་འབྲེལ་བློན་པོ་ཌོག་ཊར་ རྟ་མགྲིན་རྡོ་རྗེ་གིས་ བཤད་མའི་ནང་ གལ་སྲིད་ རྒྱལ་ཁབ་དང་ མི་སེར་ལུ་ ཁེ་ཕན་ཡོད་པ་ཅིན་ བློན་ཆེན་ལས་ རྒྱབ་སྐྱོར་ལེནམ་ད་ མི་འབད་ཟེར་ རྩ་ལས་ར་ སླབ་ནི་མེདཔ་མ་ཚད་ ནམ་ཆ་རོགས་དགོ་རུང་ གྲ་སྒྲིག་སྦེ་ སྡོད་འོང་ཟེར་ཨིན་པས།

ད་རེས་ མི་དབང་མཆོག་གིས་ དེ་བཟུམ་མའི་ བཀབ་ནེ་གནང་མི་དེ་ ཁོང་གིས་ ད་ལྟོ་ཚུན་ གཞུང་དང་ མི་སེར་ལུ་ ཕྱག་ཕྱིད་གང་དྲག་ཞུ་བའི་ བརྡ་མཚོན་ཅིག་ཨིན་མས་ཟེར་ ཕྱི་འབྲེལ་བློན་པོ་གིས་ བཤདཔ་ཨིན་པས།

བློན་ཆེན་ཡིག་ཚང་གི་ མི་སྡེ་བརྡ་བརྒྱུད་ནང་ དམིགས་བསལ་ངོས་འཛིན་དེ་ དོན་དམ་ལས་ འགྱུར་འགྱོ་ནི་མེདཔ་ཅིག་ འབད་དགོ་པའི་ དྲན་གསོ་བཟུམ་ཅིག་ཨིནམ་བཞིན་དུ་ ང་བཅས་ལུ་ ལམ་སྟོན་དང་ སེམས་ཤུགས་བསྐྱེད་བཅུག་མི་ མི་དབང་མཆོག་ཡོད་ཟེར་བཀོད་ནུག།

ཐིམ་ཕུག་ད་ལི་ཁ་ལས་ཨིན་མི་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ སྤྱི་ལོ་༡༩༩༠ ལུ་ རྒྱལ་ཁབ་ནང་ མིང་གཏམ་ཅན་གྱི་ ཕ་དར་མེ་ཀེ་གསེར་གྱི་རྟགས་མ་དང་ སྤྱི་ལོ་༢༠༠༥ ལུ་ ཡུ་ཨེསི་ཨེ་ལུ་ སྐྱབས་མགོན་ཏཱ་ལའི་བླམ་གིས་ སྙིང་རྗེའི་གཟེངས་བསྟོད་རྟགས་མ་ ཐོབ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *