ཆུ་ཤོག་ལག་ལེན་འཐབ་མ་ཆོག་པའི་བཀག་དམ་ མཐར་འཁྱོལ་འབྱུང་ཚུགས་ག?

༉ རྒྱལ་ཡོངས་མཐའ་འཁོར་ལྷན་ཚོགས་ཀྱིས་ སྤྱི་ལོ་༡༩༩༩ ལུ་ ཆུ་ཤོག་བཀག་དམ་འབད་མི་དེ་ དུས་ཅི་ སྤྱི་ཟླ་༤ པའི་ཚེས་༡ ལས་ ལོག་སྟེ་ར་ བསྟར་སྤྱོད་འབད་ཡོདཔ་ཨིན་རུང་ མི་སྡེ་ནང་ མགུ་འཐོམ་བྱུང་བའི་ གཞི་གནད་ཅིག་ཨིན་མས།
དེ་ཡང་ ག་འཆརཔ་ཟེར་བ་ཅིན་ ཆུ་ཤོག་བཀག་དམ་འབད་དེ་ ད་ལྟོ་ ཟླཝ་༤ དེ་ཅིག་ལས་བརྒལ་མ་ལང་རུང་ ད་རེས་ནངས་པར་ ཁྲོམ་ཁར་བལྟ་བ་ཅིན་ སྤྱིར་བཏང་ཚོང་བཙོང་མི་ཚུ་དང་ ལྷག་པར་དུ་ ཚོད་བསྲེ་བཙོང་མི་ཚུ་གིས་ རྒྱ་ཆེ་དྲགས་སྦེ་ར་ ལག་ལེན་འཐབ་སར་ མཐོངམ་ད་ མི་མང་ལས་ ངོས་ལེན་ལེགས་ཤོམ་ཅིག་མེད་པའི་ བརྡ་མཚོན་སྟོནམ་ཨིན་མས།
མ་གཞི་ རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱིས་ ཆུ་ཤོག་གི་ཚབ་སྦེ་ ག་ཅི་ལག་ལེན་འཐབ་པ་ཅིན་ དྲག་ནི་ཨིན་ནའི་ ཐབས་ལམ་ཚུ་ལྟ་བའི་བསྒང་ཡོད་རུང་ ཐབས་ཤེས་གཞན་མེདཔ་ལས་ འཕྲོ་མཐུད་དེ་ར་ གདོང་ལེན་འབྱུང་ནི་བཟུམ་ཅིག་འདུག།
ཕྱོགས་གཅིག་ལས་བལྟ་བ་ཅིན་ ཆུ་ཤོག་ལག་ལེན་འཐབ་མ་ཆོག་པའི་ བཀག་དམ་འབད་མི་དེ་ མཐའ་འཁོར་གནས་སྟངས་ཉམས་སྲུང་དང་ ཕྱགས་སྙིགས་འཛིན་སྐྱོང་འཐབ་ནིའི་དོན་ལུ་ ཐབས་ལམ་ལེགས་ཤོམ་ཅིག་ཨིན་རུང་ འབྲེལ་ཡོད་དབང་འཛིན་གྱིས་ ཁྲིམས་ལུགས་སྒྲིང་སྒྲི་སྦེ་ བསྟར་སྤྱོད་འབད་ནི་ལུ་ གདོང་ལེན་བྱུངམ་ཨིན་མས།
སྤྱིར་བཏང་མི་མང་གིས་འབད་རུང་ ཧེ་མ་ལས་ མཐར་འཁྱོལ་མ་བྱུང་མི་ ཆུ་ཤོག་བཀག་དམ་དེ་ ལོག་སྟེ་ར་ བསྟར་སྤྱོད་འབད་མི་དེ་ དགོད་བྲ་བའི་ གཞི་གནད་ཅིག་ཨིན་མས་ཟེར་བའི་ བསམ་བཤད་འབདཝ་ཨིན་མས།
རྒྱལ་ཡོངས་མཐའ་འཁོར་ལྷན་ཚོགས་ཀྱིས་ ཆུ་ཤོག་བཀག་དམ་མ་འབད་བའི་ཧེ་མར་ ཁྲོམ་སྡེ་ལ་ལོ་ཅིག་ནང་ ཆུ་ཤོག་ལུ་བརྟེན་པའི་ གནོད་ཉེན་ཚུ་གི་སྐོར་ལས་ གོ་བརྡའི་ལས་རིམ་ཚུ་ འགོ་འདྲེན་འཐབ་སྟེ་འབད་རུང་ ད་རེས་འབདཝ་ད་ ངོས་ལེན་འབད་མི་དེ་ ཉུང་སུ་ཅིག་ཨིན་མས།
ལྷན་ཚོགས་ཀྱིས་ གསལ་བསྒྲགས་འབད་མི་དང་འཁྲིལཝ་ད་ ཚོང་པ་ཅིག་གིས་ ཚོང་ཉོ་མི་ལུ་ ཆུ་ཤོག་གི་ཧོད་བྱིན་པ་ཅིན་ ཚོང་པ་ལུ་ ཉེས་བྱ་ཕོག་ནི་ཨིན་རུང་ ཚོང་མགྲོན་པ་གིས་ ཁོ་རའི་ ཆུ་ཤོག་འབག་འོང་སྟེ་ ཚོང་ཆས་ཚུ་ བཙུགས་འབག་པ་ཅིན་ ཉེས་བྱ་མི་ཕོག་ཟེར་ཨིན་མས།
བཀག་དམ་དེ་ ནང་འཁོད་ཀྱི་ཐོན་སྐྱེད་ཚུ་གི་དོན་ལུ་ ལག་ལེན་མི་འཐབ་ནི་ཨིན་མི་དེ་ཡང་ དཔེར་ན་ མཛརཝ་དང་ གེ་ཟ་སྲིབ་ དེ་ལས་ ཨེ་ཕྱེ་ལ་སོགས་པ་ཚུ་ཨིན་པ་ཅིན་ བཀག་དམ་དེ་གིས་ སོ་ནམ་པ་ཚུ་ལུ་ དཀའ་ངལ་བྱིན་ནི་ཨིནམ་ལས་ བཀག་དམ་མེདཔ་ཨིན་མས།
མི་ཚུ་གིས་ ཐིམ་ཕུག་ཁྲོམ་བཟུམ་ཅིག་ནང་འབད་བ་ཅིན་ ཆོས་གཞི་ཡོད་མི་ཆུ་ཤོག་དང་ གྱིབ་ཤོག་ཚུ་ ལག་ལེན་འཐབ་ནི་མེད་རུང་ ཚོས་གཞི་དཀརཔོ་འབད་མི་ ཆུ་ཤོག་ཚུ་ ཚོད་བསྲེ་བཙོང་མི་དང་ ཤ་ཁང་ཚུ་གིས་ ལག་ལེན་འཐབ་བཅུག་མི་དེ་ མགུ་འཐོམ་སི་སི་ཅིག་ ཨིན་མས་ཟེར་བཤདཔ་ཨིན་མས།
ཆུ་ཤོག་ཟེརཝ་ད་ ཆུ་ཤོག་གི་རིགས་ཚུ་ རྩ་ལས་ར་ ལག་ལེན་འཐབ་མ་ཆོགཔ་ཨིན་རུང་ ཚོས་གཞི་དཀརཔོ་འབད་མི་ ཆུ་ཤོག་ལག་ལེན་འཐབ་བཅུག་པ་ཅིན་ བཀག་དམ་དང་ རྒྱབ་འགལ་འགྱོཝ་ཨིན་མས།
ད་ལྟོའི་ གནས་སྟངས་ལུ་བལྟ་རུང་ ཆུ་ཤོག་གི་ཧོད་ཚུ་ ལག་ལེན་འཐབ་མ་ཆོག་པའི་ བཀག་དམ་འབད་མི་དེ་ མཐར་འཁྱོལ་མི་འབྱུང་ནི་བཟུམ་མའི་ ཚོར་སྣང་བྱུང་དོ་ཡོདཔ་ད་ ང་བཅས་ཀྱིས་ བཀག་དམ་ལུ་ ངོས་ལེན་སྒྲིང་སྒྲི་འབད་དགོ་པ་ཅིན་ ཆུ་ཤོག་ག་ཅི་བཟུམ་ཨིན་རུང་ རྩ་ལས་ར་ ལག་ལེན་འཐབ་མ་ཆོགཔ་སྦེ་ བཟོ་དགོཔ་འདུག།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *