ཆུ་ཤོག་བཀག་དམ་ འགྱུར་ལྡོག་མེདཔ་བཟོ་དགོཔ།

༉ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེ་གིས་ རྒྱལ་ཁབ་ནང་ གྱིབ་ཤོག་དང་ ཆུ་ཤོག་གི་རིགས་ ལག་ལེན་རྩ་ལས་མེད་པའི་ ཁྲོམ་སྡེ་ཅིག་སྦེ་ བཟོ་ནི་གི་ ཁས་བླངས་འབད་བའི་ཤུལ་ལུ་ རྩི་རང་རྫོང་ཁག་གིས་ཡང་ ཆུ་ཤོག་ལག་ལེན་མི་འཐབ་ནི་སྦེ་ གྲོས་ཐག་བཅད་ནུག།
འདི་བཟུམ་མའི་ ཆུ་ཤོག་ལག་ལེན་མི་འཐབ་ནི་གི་ ཐབས་ལམ་དེ་ ལོ་ངོ་༡༩ གི་ཧེ་མར་ འབྲུག་གིས་ གྱིབ་ཆས་དང་ ཆུ་ཤོག་གི་རིགས་ བཀག་དམ་འགོ་དང་པ་ འབད་བའི་ཤུལ་ལུ་ བསྟར་སྤྱོད་འབདཝ་ཨིན་རུང་ ང་བཅས་རའི་ མི་སྡེ་ཚུ་གིས་ ཆུ་ཤོག་དང་ གྱིབ་ཤོག་ཚུ་ ལག་ལེན་འཐབ་ནི་མེདཔ་ བཟོ་མི་དེ་ ཡུན་བརྟན་བཟོ་ཚུགས་པ་ཅིན་ ལེགས་ཤོམ་འོང་ནི་ཨིན་མས།
ད་རེས་ནངས་པར་ འབྲུག་རྒྱལ་ཁབ་ནང་ ཆུ་ཤོག་དང་ གྱིབ་ཤོག་ཚུ་དང་འབྲེལ་བའི་ ཕྱགས་སྙིགས་ཀྱི་ དཀའ་ངལ་སྦོམ་བྱུང་སྟེ་ཡོད་མི་དེ་ ཆུ་ཤོག་བཀག་དམ་ ཚུལ་ལྡན་དང་ ཡང་ཅིན་ ལག་ལེན་ཧྲིལ་བུ་མ་འཐབ་ནི་དེ་གིས་ཨིན་མས།
ག་འཆར་ཟེར་བ་ཅིན་ ང་བཅས་ཀྱིས་ ཆུ་ཤོག་གི་རིགས་ རྩ་བ་ལས་ ལག་ལེན་མི་འཐབ་ནི་སྦེ་ ལན་ཐེངས་༢ དཔའ་བཅམ་རུང་ ཚར་གཉིས་ཆ་ར་ མཐར་འཁྱོལ་བྱུང་མ་ཚུགས།
འདས་པའི་བདུན་ཕྲག་ནང་ འཛམ་གླིང་མཐའ་འཁོར་གནས་སྟངས་ཀྱི་ ཉིནམ་བརྩི་སྲུང་དང་འབྲེལ་ རྫོང་ཁག་༦ ནང་ ཕྱགས་བདར་ལས་རིམ་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ ཀི་ལིན་བྷུ་ཊཱན་ (འབྲུག་གཙང་ལྡན་རྒྱལ་ཁབ) གྱིས་ དུས་ཡུན་ཆུ་ཚོད་༣ གྱི་རིང་ ཕྱགས་སྙིགས་བསྡུ་བསྒྱོམ་ལས་རིམ་ འགོ་འདྲེན་འཐབ་ད་ མི་ཚུ་གིས་ གྱིབ་ཤོག་དང་ ཆུ་ཤོག་གི་ཕྱགས་སྙིགས་ ཀེ་ཇི་༧༨༣ བསྡུ་བསྒྱོམས་འབད་མི་དེ་ རྩི་ས་ཕད་ཙེ་༣༩༠ དེ་ཅིག་གི་རྩིས་ཨིན་མས།
དེ་ལས་ སྤ་རོ་སྟག་ཚང་ལུ་འགྱོ་སའི་ ལམ་བདའ་སྟེ་ བདུན་རིམ་བཞིན་དུ་ གྱིབ་དམ་༢,༦༠༠ དེ་ཅིག་ བསྡུ་བསྒྱོམ་འབད་དོ་ཡོདཔ་ད་ གྱིབ་དམ་དེ་ཚུ་ དཀྲུམས་ཞིནམ་ལས་ ཕད་ཙེ་ནང་འདེགས་པ་ཅིན་ དོ་༡༢༠ དེ་ཅིག་ འཐོན་ནི་མས།
ཐིམ་ཕུག་དང་ སྤ་རོ་ སྤུ་ན་ཁ་ དབང་འདུས་ཕོ་བྲང་རྫོང་ཁག་༤ བསྡོམས་བ་ཅིན་ གྱིབ་དམ་དང་ ཤོག་སྒྲོམ་ བི་ཡར་ཤེལ་དམ་ཚུ་བརྩིས་ཏེ་ ལོག་གཡོག་བཀོལ་བཏུབ་པའི་ རག་རོ་ཊཱག་དོ་༡༠ དེ་རེ་ ཐོནམ་ཨིན་མས།
ད་རེས་ནངས་པར་ ཐིམ་ཕུག་ལུ་འབད་བ་ཅིན་ མེ་མེ་ལ་ཁ་ལུ་ ཕྱགས་སྙིགས་བཀོག་སའི་ ས་ཁོངས་ནང་བསྐྱལ་མི་ ཕྱགས་སྙིགས་དང་ རག་རོ་ཚུ་ མར་ཕབ་འབད་ཐབས་ལུ་ ཕྱགས་སྙིགས་ཕྱིར་སེལ་ལྟེ་བ་ གཞི་བཙུགས་འབད་དེ་ཡོད་མི་དེ་གིས་ རག་རོ་དང་ ཕྱགས་སྙིགས་ཚུ་ ལོག་ལག་ལེན་འཐབ་བཏུབ་བཟོཝ་ཨིན་པས།
དེ་འབདཝ་ད་ ཐིམ་ཕུག་བཟུམ་མའི་ ཁྲོམ་སྡེ་གིས་ རྫོང་ཁག་གཞན་ཚུ་ནང་ མིག་དཔེ་སྟོན་དགོཔ་ཨིན་རུང་ ད་རེས་ནངས་པར་ བརྒྱ་འཁོར་ཚོད་བསྲེ་ཁྲོམ་དང་ ཚོང་ཁང་ག་ཏེ་ནང་འབད་རུང་ ཚོད་བསྲེ་དང་ ཚོང་ཆས་ཚུ་ཉོཝ་ད་ ཉོ་བཙོང་འཐབ་མི་གཉིས་ཆ་ར་གིས་ ཆུ་ཤོག་དང་ གྱིབ་ཤོག་ཚུ་ ལག་ལེནའཐབ་མི་ལུ་བལྟ་བ་ཅིན་ ཆུ་ཤོག་ཚུ་ རྩ་བ་ལས་ བཀག་དམ་འབད་ཚུགས་པར་ ལཱ་ཁག་འོང་ནི་མས།
དེ་གིས་མ་དོ་བར་ ཐིམ་ཕུག་གི་ ལུང་གཤོང་ནང་ ས་གོ་མང་ཤོས་ཅིག་ནང་ར་ གྱིབ་དམ་དང་ གྱིབ་ཤོག་ ཆུ་ཤོག་ ཤོག་སྒམ་ ཤེལ་དམ་ཚུ་ ག་ལྷོད་སར་ བཀོག་བཞག་མི་ལུ་ བལྟ་བ་ཅིན་ ཁྲོམ་སྡེ་ནང་ སྡོད་མི་ཚུ་གིས་ མཐའ་འཁོར་གནས་སྟངས་ ཧིང་སངས་ས་དང་ གཙང་སྦྲ་དང་ལྡནམ་སྦེ་ བཞག་ནི་ལུ་ འགན་འཁྲི་ཚུལ་ལྡན་མ་འབག་མི་ལུ་བརྟེན་ཨིན་མས།
འབྲུག་གི་རྩ་ཁྲིམས་ཆེན་མོ་ནང་ཡང་ འཕྲལ་དང་ཕུགས་ཀྱི་ མི་རབས་རིམ་པའི་མཐའ་དོན་ལུ་ འབྲུག་མི་ཆ་མཉམ་ རྒྱལ་ཁབ་ཀྱི་ རང་བཞིན་ཐོན་ཁུངས་ཚུ་དང་ མཐའ་འཁོར་གྱི་ གཉེར་འཛིན་ཅིག་ཨིན་པའི་ཁར་ མཐའ་འཁོར་ལུ་ཕན་པའི་ གོམས་སྲོལ་དང་ སྲིད་བྱུས་ཚུ་ ཆ་འཇོག་དང་ རྒྱབ་སྐྱོར་གྱི་ཐོག་ལས་ སྒྲ་སྐད་མཐོང་སྣང་དང་ གཟུགས་ཅན་གྱི་ བཙོག་གྲིབ་ཚུ་བརྩིས་པའི་ རག་བཞིན་མཐའ་འཁོར་གྱི་ཉེན་སྐྱོབ་དང་ འབྲུག་གི་འབྱོར་ཆེའི་སྐྱེ་ལྡན་རིགས་སྣའི་སྲུང་འཛིན་ སྣོད་བཅུད་ཉམས་ཆག་གི་རིགས་ སྔོན་འགོག་འབད་ནི་དེ་ མི་སེར་ཆ་མཉམ་གྱི་ གཞི་རྟེན་འགན་ཁུར་ཅིག་ཨིན།
འདི་འབདཝ་ལས་ ད་རེས་ བསམ་གྲུབ་ལྗོངས་མཁར་དང་ རྩི་རང་རྫོང་ཁག་ཚུ་གིས་ ཆུ་ཤོག་ཚུ་ ལག་ལེན་བཀག་དམ་འབད་མི་དེ་ཡང་ རང་སོའི་གཞི་རྟེན་འགན་ཁུར་ཨིནམ་བཞིན་དུ་ རྫོང་ཁག་གཞན་ཚུ་གིས་ཡང་ རྫོང་ཁག་དེ་གཉིས་ལས་ དཔེ་བལྟ་སྟེ་ གྱིབ་ཤོག་དང་ ཆུ་ཤོག་གི་རིགས་ ལག་ལེན་བཀག་དམ་འབད་བ་ཅིན་ འབྲུག་འདི་ གཙང་ལྡན་གྱི་ རྒྱལ་ཁབ་ཅིག་ལུ་འགྱུར་ཚུགས།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *