བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེའི་དོན་ལུ་ སྤྱི་ལོ་༢༠༡༦ ཟླ་༥ པའི་ནང་ བཟོ་སྐྲུན་འབད་ནི་ འགོ་བཙུགས་མི་ ཆུ་ལེགས་བཅོས་ཁང་དེ་ སྤྱི་ལོ་༢༠༡༧ ཟླ་༡༡ པའི་ནང་ མཇུག་བསྡུ་དགོཔ་ཨིན་རུང་ ད་ལྟོའི་བར་ན་ཡང་ མཇུག་བསྡུ་མ་ཚུགས་པར་ལུས་ཡོདཔ་བཞིན་དུ་ གློག་ཤུགས་ཐོག་ ཆུ་བཀྲམ་སྤེལ་འབད་ནིའི་ལཱ་ཚུ་ སྤྱི་ཟླ་༡༡ པའི་ནང་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོདཔ་ད་ སྤྱི་ཟླ་༨ པའི་ཚེས་༥ ལུ་ ཆུ་ལེགས་བཅོས་ཁང་ལས་ ལག་ཐོག་ཆུ་བཀྲམ་སྤེལ་འབད་ནི་ འགོ་བཙུགས་ནུག།

ཆུ་ལེགས་བཅོས་ཁང་ལས་ ཆུ་བཀྲམ་སྤེལ་འབད་མི་དེ་གིས་ ཆུའི་དཀའ་ངལ་ བསལ་ཚུགས་པའི་རེ་བ།

༉ སྤྱི་ཟླ་༨ པའི་ཚེས་༥ ལུ་ ཆུ་ལེགས་བཅོས་ཁང་ལས་ ཆུ་བཀྲམ་སྤེལ་འབད་ནི་ འགོ་བཙུགས་མི་དེ་གིས་ ད་ལས་ཕར་ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེ་ནང་ སྡོད་མི་ཚུ་ལུ་ ཧེ་མ་བཟུམ་སྦེ་ འཐུང་ཆུའི་དཀའ་ངལ་མི་འབྱུང་ནི་ཨིན་པས།
བསམ་གྲུབ་ལྗོངས་མཁར་ཁྲོམ་དཔོན་ ཀརྨ་ཤེས་རབ་སྟོབས་རྒྱལ་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཆུ་ལེགས་བཅོས་ཁང་དེ་ དུས་ཚོད་ཁར་ མཇུག་བསྡུ་མ་ཚུགས་པར་ ཡུན་རིང་ལུས་སོ་ཡི་ཟེར་ཨིནམ་ད་ ཨིན་རུང་ ད་རེས་ ཆུ་ལེགས་བཅོས་ཁང་ལས་ ཆུ་བཀྲམ་སྤེལ་འབད་ཚུགས་ནི་དེ་གིས་ སེམས་དགའ་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཆུ་ལེགས་བཅོས་ཁང་ལས་ ལེགས་བཅོས་འབད་བའི་ ཆུ་བཀྲམ་སྤེལ་འབད་ནི་ འགོ་བཙུགས་ཡོད་རུང་ ད་ལྟོ་ འཕྲུལ་རིག་གི་ལཱ་ཚུ་ ལེགས་ཤོམ་སྦེ་ མཇུག་མ་བསྡུ་མི་ལུ་བརྟེན་ འཕྲུལ་ཆས་ལ་སོགས་པ་ཚུ་ མི་གིས་ར་ ལག་ལེན་འཐབ་དགོ་ཟེར་ཨིན་པས།
ལས་འགུལ་བཟོ་རིག་འགོ་དཔོན་ ཀརྨ་ཀུན་ལེགས་ཀྱིས་ སླབ་མིའི་ནང་ སྤྱི་ཟླ་༧ པའི་ཚེས་༣༡ ལས་ ཆུ་ལེགས་བཅོས་ཁང་ལས་ ཆུ་བཀྲམ་སྤེལ་འབད་ནིའི་ ཁས་བླངས་འབད་ཡོདཔ་བཞིན་དུ་ བརྟག་དཔྱད་ཀྱི་ལཱ་ཚུ་འབད་བའི་སྐབས་ དུས་ཚོད་འགོརཝ་ལས་ དེ་ཚེ་ར་ བཀྲམ་སྤེལ་འབད་མ་ཚུགས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཆུ་ལེགས་བཅོས་འབད་ནིའི་ལཱ་ཚུ་ ག་ར་མཇུག་བསྡུ་ཡོད་རུང་ ལེགས་བཅོས་ཁང་དེ་ གློག་མེའི་ཐོག་ལས་ ལག་ལེན་འཐབ་དགོ་ནི་དེ་གིས་ ད་རེས་ གློག་ཆས་ཀྱི་ལཱ་ཚུ་རྐྱངམ་གཅིག་ ལུས་ཡོདཔ་བཞིན་དུ་ ཅ་ཆས་ཚུ་ཡང་ ལྷོད་དེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ལྟོ་ བཀྲམ་སྤེལ་འབད་མི་ ཆུ་དེ་ཡང་ ཀོ་ལོ་རིན་དང་ ཨ་ལམ་ཌོ་ཟིང་ཚུ་འབད་དེ་ ལེགས་བཅོས་འབད་འབདཝ་ཨིནམ་བཞིན་དུ་ ཁས་བླངས་འབད་མི་དང་འཁྲིལ་ བཀྲམ་སྤེལ་འབད་ཚུགས་ནི་དེ་གིས་ སེམས་དགའ་ཡི་ཟེར་ཨིན་པས།
གློག་ཆས་ཀྱི་ལཱ་ཚུ་ཡང་ སྤྱི་ཟླ་༩ པའི་ནང་ མཇུག་བསྡུ་ནིའི་རེ་བ་བསྐྱེད་དོ་ཡོདཔ་བཞིན་དུ་ གློག་ཆས་ཀྱི་ལཱ་ཚུ་ འབད་ཚར་བའི་ཤུལ་ལུ་ གློག་རིག་ཀམ་པུས་ཊར་དང་གཅིག་ཁར་ མཐུད་སྦྲེལ་འབད་དེ་ ཆ་ལེགས་བཅོས་ཁང་ལག་ལེན་གྱི་ལཱ་ཚུ་ ཀམ་པུས་ཊར་གྱི་ཐོག་ལས་ འབད་ཚུགས་ཟེར་ ཀརྨ་ཀུན་ལེགས་ཀྱིས་ བཤདཔ་ཨིན་པས།
ཚུ་གིས་ སླབ་མིའི་ནང་ བསམ་གྲུབ་ལྗོངས་མཁར་ལུ་ ཆུ་བཀྲམ་སྤེལ་འབད་རུང་ དུས་ཡུན་ཆུ་ཚོད་༢༤ གི་རིང་ མི་འཐོབ་དོ་ཡོདཔ་བཞིན་དུ་ གནམ་བྱཱར་ཨ་རྟག་ར་ ཆུའི་དཀའ་ངལ་ཐོན་དོ་ཡོདཔ་ལས་ ཆུ་རྫིང་ཚུ་ལས་ དབོག་དགོ་པའི་ཁར་ འཕྲལ་འཕྲལ་ཆར་ཆུ་ལུ་ བརྟེན་སྡོད་དགོ་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ ད་རེས་ ཆུ་ལེགས་བཅོས་ཁང་ལས་ ཆུ་བཀྲམ་སྤེལ་འབད་མི་དེ་ ཁྲོམ་སྡེ་ནང་ སྡོད་མི་ཚུ་གི་དོན་ལུ་ གནས་ཚུལ་བཟང་པོ་ཅིག་ཨིནམ་བཞིན་དུ་ ད་ལས་ཕར་ གནམ་བྱཱར་དགུན་མེད་པར་ དུས་ཡུན་ཆུ་ཚོད་༢༤ གི་རིང་ དཀའ་ངལ་མེད་པར་ ཆུ་བཀྲམ་སྤེལ་འབད་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
ཁྲོམ་སྡེའི་བདག་སྐྱོང་གིས་ ཨེ་ཤི་ཡཱན་གོང་འཕེལ་དངུལ་གི་ ལས་འགུལ་གོ་རིམ་༢ པའི་ནང་ ཡུ་ཨེསི་ཌོ་ལར་ས་ཡ་༡.༢༢ དེ་ཅིག་འབད་མི་ ཆུ་བཀྲམ་སྤེལ་ལས་འགུལ་ཅིག་ འཕྲལ་མགྱོགས་ར་ འགོ་བཙུགས་ནི་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ལས་འགུལ་དེ་ རིན་བསྡུར་འབད་ནིའི་དོན་ལུ་ ཁྲོམ་སྡེ་གིས་ མཐའ་བཅད་ཀྱི་ལཱ་ཚུ་ འབད་བའི་བསྒང་ཡོདཔ་ལས་ དུས་ཅི་གི་ ལོ་ནང་ར་ འགོ་བཙུགས་ནི་ཨིནམ་བཞིན་དུ་ ལས་འགུལ་དེ་ མཇུག་བསྡུ་བའི་ཤུལ་ལས་ འཐུང་ཆུའི་དཀའ་ངལ་ཚུ་ བསལ་ཚུགས་ཟེར་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། ངང་ལམ།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *