བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ ཆུ་ལེགས་བཅོས་ཁང་།

ཆུ་ལེགས་བཅོས་ཁང་གི་ བཟོ་སྐྲུན་ལཱ་ལུ་ མཉམ་འབྲེལ་ཞིབ་དཔྱད་འབད་དོ་ཡོདཔ།

༉ འཕྲལ་ཁམས་ཅིག་ཁར་ བསམ་གྲུབ་ལྗོངས་མཁར་ ཅར་ཀི་ལོ་ལུ་ ཆུ་ལེགས་བཅོས་ཁང་བཟོ་སྐྲུན་འབད་བའི་བསྒང་ཡོད་མི་དེ་ མཉམ་འབྲེལ་ཞིབ་དཔྱད་སྡེ་ཚན་གྱིས་ ལཱ་གི་གྲུབ་འབྲས་ལ་སོགས་པ་ཚུ་ ཞིབ་དཔྱད་འབད་ནི་ འགོ་བཙུགས་འབད་ཡོདཔ་ཨིན་པས།
དེ་ཡང་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་གིས་ ཆུ་ལེགས་བཅོས་ཁང་བཟོ་སྐྲུན་གྱི་ལཱ་དེ་ ཆ་མེད་མ་གཏང་པའི་ཧེ་མར་ མཉམ་འབྲེལ་ཞིབ་དཔྱད་ཅིག་འབད་དགོཔ་སྦེ་ སླབ་ནི་དེ་གིས་ཨིནམ་ད་ མཉམ་འབྲེལ་ཞིབ་དཔྱད་སྡེ་ཚན་ནང་ ཞབས་ཏོག་ལྷན་ཁག་དང་ཁྲོམ་སྡེ་ བཟོ་སྐྲུན་ལས་སྡེ་ གྲོས་བསྟུན་ལས་སྡེ་དང་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་གི་ ངོ་ཚབ་ཚུ་ ཡོདཔ་ཨིན་པས།
ཁྲོམ་སྡེའི་བཀོད་ཁྱབ་དྲུང་ཆེན་ ལྟའུ་རྒྱས་ཆོས་གྲུབ་ཀྱིས་ སླབ་མིའི་ནང་ ལས་འགུལ་དེ་ ཨེ་ཤི་ཡན་གོང་འཕེལ་དངུལ་གྱིས་ མ་དངུལ་རྒྱབ་སྐྱོར་ཐོག་ འབད་དོ་ཡོདཔ་ལས་ ཆ་མེད་མ་གཏང་པའི་ཧེ་མར་ དངུལ་ཁང་ལུ་ བཏང་ཡོདཔ་བཞིན་དུ་ འཕྲལ་ཁམས་ཅིག་ཁར་ དངུལ་ཁང་གིས་ མཉམ་འབྲེལ་ཞིབ་དཔྱད་ཅིག་ འབད་དགོ་པའི་ ལན་གསལ་ལྷོད་ཅི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མཉམ་འབྲེལ་ཞིབ་དཔྱད་སྡེ་ཚན་གྱིས་ ད་ལྟོ་ཚུན་ ཆུ་ལེགས་བཅོས་ཁང་བཟོ་སྐྲུན་གྱི་ལཱ་དེ་ ག་དེམ་ཅིག་ མཇུག་བསྡུ་ཡོདཔ་ཨིན་ན་དང་ ལྷག་ལུས་ག་དེམ་ཅིག་ ཡོདཔ་ཨིན་ན་ལ་སོགས་པ་ཚུ་ ཞིབ་དཔྱད་འབད་དོ་ཡོདཔ་ད་ ཞིབ་དཔྱད་ཀྱི་ གྲུབ་འབྲས་དེ་ ཁྲོམ་སྡེ་ལུ་ གསལ་སྟོན་འབད་བའི་ཤུལ་ལུ་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་ལུ་ གཏང་ནི་ཟེར་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༡༣ ལུ་ ཞབས་ཏོག་ལྷན་ཁག་གི་ ལྷན་ཁག་གནས་རིམ་གྱི་ རིན་བསྡུར་ཚོགས་ཆུང་གི་ ཞལ་འཛོམས་འཚོགས་པའི་སྐབས་ བཟོ་སྐྲུན་གྱི་ལཱ་དེ་ ཆ་མེད་གཏང་དགོ་པའི་ གྲོས་ཐག་བཅད་ཡོད་བཞིན་དུ་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་ལུ་ཡང་ སྙན་ཞུ་འབད་ཡོདཔ་ཨིན་པས།
ཚོགས་ཆུང་གི་ གྲོས་ཆོད་ནང་ བཀོད་དོ་བཟུམ་འབད་བ་ཅིན་ བཟོ་སྐྲུན་གྱི་ལཱ་ཚུ་ མེད་བཏང་མི་དགོ་མི་དེ་ ཁག་འབགཔ་ལུ་ དུས་ཚོད་ཕར་འགྱངས་ ཚར་༢ བྱིན་ཡོད་པའི་ཁར་ ཅ་ཆས་ལ་སོགས་པ་ ཉམས་བཅོས་ཀྱི་ འཐུས་སྤྲོད་ཐོག་ལས་ ལཱ་འབད་ནིའི་ དུས་ཚོད་བྱིན་རུང་ མཇུག་བསྡུ་མ་ཚུགས་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
ཁག་འབགཔ་ལུ་ ཐེངས་༢ པའི་ དུས་ཚོད་ཕར་འགྱངས་ ཟླཝ་ཕྱེད་དང་༧ བྱིན་མི་དང་འཁྲིལཝ་ད་ ལེགས་བཅོས་ཁང་བཟོ་སྐྲུན་གྱི་ལཱ་ཚུ་ སྤྱི་ལོ་༢༠༡༨ ཟླ་༡༡ པའི་ཚེས་༡༥ ལུ་ མཇུག་བསྡུ་དགོཔ་ཨིནམ་ད་ ཁག་འབག་གི་ དུས་ཚོད་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༡༧ ཟླ་༡༠ པའི་ནང་ མཇུག་བསྡུ་དགོཔ་ཨིན་རུང་ མཇུག་བསྡུ་མ་ཚུགསཔ་ལས་ དུས་ཚོད་ཕར་འགྱངས་ ཚར་༢ བྱིན་ཡོདཔ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ ཁག་འབགཔ་དེ་གིས་ཡང་ ཆུ་ལེགས་བཅོས་ཁང་བཟོ་སྐྲུན་གྱི་ལཱ་ཚུ་ སྤྱི་ཟླ་༧ པའི་ནང་ མཇུག་བསྡུ་ཞིནམ་ལས་ ཆུ་བཀྲམ་སྤེལ་འབད་ཚུགས་ཟེར་ ཞབས་ཏོག་ལྷན་ཁག་ལུ་ ཡི་གུ་ཅིག་ བཙུགས་ཡོདཔ་ཨིན་པས།
ལས་འགུལ་བཟོ་རིག་འགོ་དཔོན་ ཀརྨ་ཀུན་ལེགས་ཀྱིས་ སླབ་མིའི་ནང་ ད་ལྟོ་ གཞུང་འབྲེལ་ཐོག་ ཡི་གུ་ག་ནི་ཡང་ མ་ལྷོདཔ་ལས་ ཆ་མེད་གཏང་ནིའི་ གྲོས་ཐག་བཅད་མི་ལུ་ ག་ནི་ཡང་ སླབ་ནི་མེད་ཟེར་ཨིན་རུང་ ཕྱིའི་གཞི་རྟེན་མཐུན་རྐྱེན་གྱི་ལཱ་ཚུ་ མཇུག་བསྡུཝ་ལས་ ལཱ་བརྒྱ་ཆ་༩༠ དེ་ཅིག་ མཇུག་བསྡུ་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ གློག་ཆས་བཀྲམ་སྤེལ་དང་ མཐུད་སྦྲེལ་དང་འབྲེལ་བའི་ལཱ་རྐྱངམ་གཅིག་ ལུས་ཡོདཔ་ལས་ འཕྲལ་ཁམས་ཅིག་ཁར་ སྤྱི་ཟླ་༧ པའི་ནང་ ལཱ་མཇུག་བསྡུ་སྟེ་ ཆུ་བཀྲམ་སྤེལ་འབད་ནི་སྦེ་ ལྷན་ཁག་ལུ་ ཡི་གུ་བཙུགས་ཡི་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *