ཆུ་རྐ་འཛིན་སྐྱོང་འཐབ་མི་ ལས་སྡེ་ལེ་ཤ་ཡོད་མི་ལུ་བརྟེན་ གདོང་ལེན་བྱུང་དོ་ཡོདཔ།

༉ རྒྱལ་ཁབ་ནང་ ཆུ་རྐ་འཛིན་སྐྱོང་འཐབ་ནིའི་དོན་ལུ་ གནམ་གཤིས་འགྱུར་བགྲོད་དང་ ཆུ་འཛིན་སྐྱོང་འཐབ་མི་ལས་སྡེ་ ལེ་ཤ་ཡོད་མི་ལུ་བརྟེན་ གདོང་ལེན་སྦོམ་སྦེ་ར་ བྱུང་དོ་ཡོདཔ་ཨིན་པས།

ཆུ་རྐ་འཛིན་སྐྱོང་ནང་ རྒྱལ་ཡོངས་མཐའ་འཁོར་ལྷན་ཚོགས་དང་ ཞབས་ཏོག་ལྷན་ཁག་ གསོ་བའི་ལྷན་ཁག་ ནགས་ཚལ་ལྷན་ཁག་ དེ་ལས་ ལས་སྡེ་གཞན་ལེ་ཤ་ཡོདཔ་ལས་ འཛིན་སྐྱོང་འཐབ་ནི་ལུ་ སྟབས་མ་བདེཝ་བྱུངམ་མས་ཟེར་ འཕྲལ་ཁམས་ཅིག་ཁར་ རྒྱལ་ཡོངས་ཆུའི་མཁས་མཆོག་ཚུ་གི་ ཞལ་འཛོམས་འཚོགས་པའི་སྐབས་ ཆུ་རྐ་འཛིན་སྐྱོང་སྡེ་ཚན་གྱི་ བསོད་ནམས་ཆོས་སྒྲོན་གྱིས་ བཤད་ཅི།
ཞལ་འཛོམས་འགོ་འབྱེད་སྐབས་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ གསུངས་མིའི་ནང་ རྒྱལ་ཁབ་ནང་ ཆུ་འཛིན་སྐྱོང་འཐབ་མི་ ལས་སྡེ་ལེ་ཤ་ཡོདཔ་ལས་ ག་ར་གིས་ འཛིན་སྐྱོང་འཐབ་ནི་ལུ་ དཔའ་བཅམ་དོ་ཡོད་རུང་ ངོ་མ་སྦེ་ འཛིན་སྐྱོང་འཐབ་མི་མེདཔ་ལས་ ལས་སྡེ་ཅིག་ བཟོ་དགོཔ་ཁག་ཆེ་བས་ཟེར་ཨིན་པས།
བསོད་ནམས་ཆོས་སྒྲོན་གྱིས་འབད་བ་ཅིན་ ཆུ་རྐ་འཛིན་སྐྱོང་འཐབ་ནི་ལུ་ ལས་སྡེ་མང་དྲགས་ནི་དེ་གིས་ མཉམ་འབྲེལ་འབད་ནི་དང་ དབང་ཆ་དང་འགན་འཁྲི་ མ་མཐུནམ་སྦེ་འགྱོ་བའི་ཁར་ ལས་སྡེ་ཚུ་གི་བར་ན་ སྟབས་མ་བདེཝ་བྱུངམ་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ གྲོས་ཐག་བཅད་ནིའི་བྱ་རིམ་ནང་ བརྡ་ལན་མ་འབད་མི་དང་ ཆུ་དང་གནམ་གཤིས་ལྟེ་བ་ཚུ་ ལངམ་སྦེ་མེད་པའི་ཁར་ གནམ་གཤིས་འགྱུར་བགྲོད་དེ་གིས་ ཆུ་རྐ་ལུ་ གནོད་པ་སྦོམ་སྦེ་ར་ རྐྱབ་དོ་ཡོདཔ་ཨིན་པས།
རྒྱལ་ཁབ་ཀྱི་ གཙང་ཆུ་སྦོམ་ཤོས་ ལྕམ་མཁར་ཆུ་དང་ མང་སྡེ་ཆུ་ ཀུར་རི་ཆུ་ སྤུ་ན་གཙང་ཆུ་ དེ་ལས་ ཝང་ཆུའི་རྐ་འགོ་༥ འཛིན་སྐྱོང་འཐབ་ནིའི་ འཆར་གཞི་ཚུ་བཟོ་ཡོད་པའི་ཁར་ ཆུ་ཞིང་འཛིན་སྐྱོང་འཐབ་ནིའི་ འཆར་གཞི་ཡང་ བཟོ་ནུག།
ཆུ་རྐ་ཡར་དྲག་གཏང་ནི་ལུ་ འཆར་གཞི་༡༢ པའི་ནང་ ཆུ་རྐ་དང་ ཆུ་ཞིང་འཛིན་སྐྱོང་གི་ འཆར་གཞི་ཚུ་ ལག་ལེན་འཐབ་ནི་ཨིནམ་ད་ ཆུ་ཞིང་གི་ ཁེ་ཕན་ཚུ་གི་སྐོར་ལས་ ཤེས་ཡོན་དང་ གོ་བ་བརྡ་སྤྲོད་ཚུ་ ལེགས་བསྒྱུར་འབད་ནི་ཨིན་པས།
ཆུ་རྐ་འཛིན་སྐྱོང་སྡེ་ཚན་དེ་ རྒྱལ་ཁབ་ནང་འཁོད་ཀྱི་ ཆུ་ཞིང་དང་ ཆུའི་རྐ་འགོ་གི་ གནས་སྟངས་ཚུ་ བརྟག་ཞིབ་འབད་ནི་དང་ འཛིན་སྐྱོང་འབད་ནིའི་དོན་ལུ་ སྤྱི་ལོ་༢༠༠༩ ལུ་ གཞི་བཙུགས་འབད་ཡོདཔ་ཨིན་པས།
འཛམ་གླིང་ནང་ རྒྱལ་ཁབ་༢༠༠ ཡོད་མིའི་གྲས་ལས་ ཆུ་གཙང་སྦྲ་དང་ལྡནམ་སྦེ་ ཐོན་མི་རྒྱལ་ཁབ་ཨང་དང་པ་དེ་ གི་རིན་ལེནཌ་ཨིནམ་བཞིན་དུ་ འབྲུག་རྒྱལ་ཁབ་འདི་ གནས་རིམ་ཨང་༦ པའི་ནང་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *