༉ ཆུ་རྐ་ཉེན་སྲུང་དང་ལྡནམ་སྦེ་ བཞག་ནིའི་དོན་ལུ་ ཆུ་རྐ་རཝ་བསྒོར་ནི་དང་ ཆུ་མཛོད་ཀྱི་ཚད་ཡར་སེང་འབད་ནི་ ཤིང་འཛུགས་སྐྱོང་འབད་རུང་ ཆུ་མ་ལང་པའི་དཀའ་ངལ་ སེལ་ཐབས་འབད་མ་ཚུགས་པའི་ཁར་ ཡང་བསྐྱར་བྱུང་བའི་ གདོང་ལེན་ཅིག་སྦེ་ སྡོད་ནི་ཨིན་པས།
འཕྲལ་ཁམས་ཅིག་ཁར་ བརྟག་ཞིབ་འབད་མི་དང་འཁྲིལ་བ་ཅིན་ རྒྱལ་ཁབ་ནང་ ཆུ་རྐ་༦,༥༥༥ ཡོད་པའི་གྲས་ལས་ ཆུ་རྐ་༢,༣༡༧ སྐམ་སོ་མི་དེ་ བརྒྱ་ཆ་ལས་འབད་བ་ཅིན་ བརྒྱ་ཆ་༡༣ ཨིནམ་མ་ཚད་ ད་རུང་ ཆུ་རྐ་༡༤༧ དེ་ཅིག་ སྐམ་འགྱོ་བའི་བསྒང་ཡོདཔ་ལས་ ཆུ་རྐ་ཡུན་བརྟན་བཞག་མ་ཚུགས་པའི་ གནས་སྟངས་བྱུང་ཡོདཔ་ཨིན་པས།
ཆུ་རྐ་ལེགས་ཤོམ་སྦེ་ རྒྱུན་སྐྱོང་འཐབ་ནིའི་དོན་ལུ་ ཞིབ་རྟོགས་བྱུངམ་མིའི་ནང་ གནམ་སེར་ཁའི་ཆུ་དེ་ ངོས་འཛིན་འབད་ཞིནམ་ལས་ ཆུ་རྐ་དང་ མཚོ་སྐམ་མི་ས་ཆ་ཚུ་ ངོས་འཛིན་འབད་དེ་ བསྐྱར་གསོ་འབད་ཞིནམ་ལས་ འབྲུག་ལྷོ་ནུབ་ལས་ཐོན་མི་ ཆུ་གི་སྤུས་ཚད་བཟོ་ནི་ཨིནམ་མ་ཚད་ ཆུ་དཔྱད་རིག་པའི་ཞིབ་དཔྱད་དང་ རྡོ་ཁམས་རིག་པའི་ཞིབ་དཔྱད་དང་བསྟུན་ གལ་གནད་ཅན་གྱི་ཆུ་རྐ་ཚུ་ ས་མཚམས་བཀལ་ནི་སྦེ་ རྒྱབ་སྣོན་འབད་ཡོདཔ་ཨིན་པས།
སེར་ཁ་ཆུ་འཐོན་ཟེར་མི་དེ་ ཆུ་རྐ་དང་ ས་འོག་ལས་ཐོན་མི་ཆུ་ལུ་ གོ་ནི་དང་ དེ་གིས་སྦེ་ ཆུ་རྐ་ལེ་ཤ་བསྡོམས་ཏེ་ ཆུ་འབབ་འོང་མི་ལུ་ སླབ་ཨིན་པས།
རང་བཞིན་ཐོན་སྐྱེད་མཐོ་རིམ་སློབ་གྲྭའི་ ལེགས་སྦྱར་བ་དང་ རྩོམ་པ་པོ་ཅིག་ཨིན་མི་ འཇམ་དཔལ་གྱིས་ སླབ་མིའི་ནང་ ཆུ་རྐ་སྐམ་མི་ཚུ་ བསྐྱར་གསོ་འབད་ཐབས་ལུ་ ཆུ་རྐ་ཚུ་ ངོས་འཛིན་འབད་ཞིནམ་ལས་ བསྐྱར་གསོ་ཁ་སྐོང་འབད་དགོཔ་གལ་ཆེ་ཟེར་ཨིན་པས།
ད་ལྟོ་ཚུན་ ཆུ་རྐ་ཚུ་ སྲུང་སྐྱོབ་དང་ ཉེན་སྲུང་གི་དོན་ལུ་ རཝ་བསྒོར་བཞག་མི་དེ་ ལེགས་ཤོམ་ཅིག་ཨིན་རུང་ མ་འོངས་ཡུན་བརྟན་གྱི་དོན་ལུ་ ཕན་ནུས་མེད་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ད་ལྟོ་ལས་ ཆུ་རྐ་ཚུ་ བསྐྱར་གསོ་གི་ས་གནས་སྦེ་ ངོས་འཛིན་མ་འབད་བ་ཅིན་ བརྟག་ཞིབ་སྙན་ཞུའི་ནང་ བཀོད་དོ་བཟུམ་སྦེ་ གོང་འཕེལ་གྱི་ལས་སྣ་ཚུ་གིས་ ཆུ་རྐ་མེདཔ་གཏང་ནི་དང་ ཡང་ཅིན་ ཕྱིར་ཐོན་ཆུ་ཚུ་ རང་བཞིན་གྱིས་ ས་འོག་ནང་འཛུལ་ཏེ་ ཉམས་ཉེན་ཆེ་བས་ཟེར་ཨིན་པས།
སྙན་ཞུ་ནང་ བཀོད་མིའི་ནང་ བསྐྱར་གསོ་འབད་མི་དེ་ ས་ཁྲ་དང་འཁྲིལ་བ་ཅིན་ ཆུ་ཁ་དང་ སྤ་རོ་ ཐིམ་ཕུག་ རྩི་རང་ དེ་ལས་ གཞལམ་སྒང་ཚུ་ནང་འབད་ཡོདཔ་ད་ དེ་ཁར་ ས་གནས་༢༤ བསྐྱར་གསོ་སྦེ་ བདའ་ཟུན་པའི་ཁར་ ཆུ་རྐ་༢༢ དང་ མཚོ་༢ ངོས་འཛིན་འབད་ཡོདཔ་སྦེ་ཨིན་པས།
བསྐྱར་གསོའི་ས་ཁོངས་སྦེ་ ས་གནས་༢༤ ངོས་འཛིན་འབད་ཡོད་མི་ལས་ ཆུ་རྐ་༣ ཚད་ཅིག་གུ་སྦེ་ ཐོན་ཡོདཔ་ཨིན་པས།
ཆུ་རྐ་ཚུ་ ཉེན་སྲུང་ངེས་བརྟན་བཟོ་ནི་དང་ འོས་འབབ་ཆེ་ཏོག་ཏོ་སྦེ་ བཟོ་ནི་ཨིན་པ་ཅིན་ བསྐྱར་གསོའི་ས་ཁོངས་ས་ཁྲ་ བཟོ་བཞག་ནི་དེ་ གལ་ཆེ་ཟེར་ ཞིབ་རྟོགས་འབད་ཡོདཔ་བཞིན་དུ་ ཆུའི་དུས་འཁོར་ཚུ་ ཤེས་རྟོགས་མེདཔ་ལས་ དེ་གིས་སྦེ་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།
འཇམ་དཔལ་གྱིས་ སླབ་མིའི་ནང་ འདས་པའི་ལོ་ཚུ་ནང་ ཆུ་རྐ་ཉེན་སྲུང་འབད་ནི་དེ་ ཆུ་རྐའི་ས་ཁོངས་ཚུ་ གནོདཔ་མ་བཀལ་བར་ རཝ་རྐྱབ་མི་དེ་གིས་ ཕན་ཐོགསཔ་ཨིན་ཟེར་ དམིགས་པ་བསྐྱེད་མི་དེ་ ད་རེས་འབད་བ་ཅིན་ ཡུན་བརྟན་གྱི་ཐབས་ལམ་དང་ སྤུས་ཚད་ལྡན་པའི་ཁུངས་ཐུབ་ཅིག་ མིན་འདུག་ཟེར་ཨིན་པས།
བརྟག་ཞིབ་སྙན་ཞུའི་ནང་ བཀོད་དོ་བཟུམ་འབད་བ་ཅིན་ རྒྱལ་ཁབ་ཀྱི་ མི་སྡེ་ལ་ལོ་ཅིག་ནང་ འཐུང་ཆུ་གི་དོན་ལུ་ གདམ་ཁ་སྦེ་ ས་འོག་ལས་ ཆུ་བཏོན་ཏེ་འཐུང་མི་དེ་གིས་ ལུང་ཕྱོགས་ཆུ་རྐ་ཚད་གཞི་དང་ ཉེ་འདབས་ཀྱི་གཡུས་སྒོ་ཚུའི་ ཆུ་རྐ་སྐམ་ནི་ལུ་ གནོད་སྐྱོན་རྐྱབ་ཨིན་ཟེར་ཨིན་པས།
བརྟག་ཞིབ་སྙན་ཞུ་དེ་ སྤྱི་ཟླ་༥ པའི་ཚེས་༥ ལུ་ གཞུང་འབྲེལ་ཐོག་ལསས་ ཏཱ་ར་ཡ་ན་གཞི་ཚོགས་ཀྱིས་ འབྲུག་ལུ་ཡོད་མི་ འཛམ་གླིང་རི་དྭགས་མ་དངུལ་དང་ ནགས་ཚལ་དང་གླིང་ག་ཞབས་ཏོག་ལས་ཁུངས་འོག་གི་ ཆུ་རྐ་འཛིན་སྐྱོང་ལས་སྡེ་ དེ་ལས་ རང་བཞིན་འཐོན་སྐྱེད་མཐོ་རིམ་སློབ་གྲྭའི་ རྒྱབ་སྐྱོར་ཐོག་ལས་ ཁྱབ་བསྒྲགས་འབད་ཡོད་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།