ཆུ་རུད་ཀྱིས་ འཕྱགས་བདའ་མི་ ཨམ་སྲུ་༢ ལས་ ཨའི་གི་ཕུངམ་ཐོབ་ཡོདཔ།

༉ འདས་པའི་ཟླཝ་ནང་ ལྷུན་རྩེ་ལུ་ ཆུ་རུད་ཀྱིས་ ཨའི་དང་ ཨ་ལོ་སྐྱེ་ནི་ཡོད་མི་ བུམོ་༡ འཕྱགས་བདའ་ཡོད་མི་ལས་ ཨའི་གི་ཕུངམ་དེ་ ཉིན་གྲངས་༡༠ གྱི་རྒྱབ་ལས་ སྤྱི་ཟླ་༨ པའི་ཚེས་༤ ལུ་ མོང་སྒར་རྒྱལ་པོའི་ཞིང་ལུ་ ཀུར་རི་ཆུའི་མཐའ་མ་ལས་ ཐོབ་ཡོདཔ་ཨིན་པས།
སྒང་ཟུར་རྒེད་འོག་གི་དམངས་མི་ ཚེ་དབང་འཕྲིན་ལས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ སྤྱི་ཟླ་༨ པའི་ཚེས་༤ གི་ ཉིན་མའི་ཆུ་ཚོད་༣ དེ་ཅིག་ཁར་ ཞི་གཡོགཔ་ཅིག་གིས་ ཀུར་རི་ཆུའི་མཐའ་མ་ལས་ ཨམ་སྲུ་ཅིག་གི་ཕུངམ་མཐོང་སྟེ་ རྒྱལ་པོའི་ཞིང་ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ནུག་ཟེར་ཨིན་པས།
དམངས་མི་གིས་ སླབ་མིའི་ནང་ ཁྲིམས་སྲུང་འགག་པ་གིས་ ལྷུན་རྩེའི་ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ ཁོ་གིས་ ཚེ་འདས་ཀྱི་ སྤུན་ཆ་དང་ སྒང་ཟུར་རྒཔོ་ལུ་ སྙན་ཞུ་འབད་བའི་ཤུལ་ལས་ རྒྱལ་པོའི་ཞིང་ལུ་ ཕུངམ་ངོས་འཛིན་འབད་བར་ སོང་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཟུགས་ག་ར་ སྦོ་ཡོདཔ་ལས་ ཚེ་འདས་ཨམ་སྲུ་༢ ལས་ ག་གི་ཕུངམ་ཨིན་ན་ ངོས་འཛིན་འབད་མ་ཚུགས་པས་ཟེར་ཨིནམ་ད་ ཁ་ཙ་ ཕུངམ་གི་སྐེདཔ་ལུ་ སྲུང་སྐུད་ཅིག་ བཏགས་ཡོད་མི་ལུ་བལྟ་སྟེ་ ཨའི་གི་ཕུངམ་ཨིན་པའི་ དོགས་པ་ཆགས་ནུག་ཟེར་ཨིན་པས།
ཨིན་རུང་ མ་སྨད་གཉིས་ལས་ ག་གི་ཕུངམ་ཨིན་ན་ གཏན་འཁེལ་བཟོ་ནིའི་དོན་ལུ་ གསོ་བའི་འགོ་དཔོན་ཚུ་གིས་ ཕོའི་ཀུར་རི་ཆུའི་མཐའ་མ་ལས་མཐོང་མི་ ཕུངམ་དེ་ གཤག་བཅོས་འབད་བའི་སྐབས་ ཕོའི་ནང་ཨ་ལོ་མེདཔ་ལས་ ཨའི་གི་ ཕུངམ་ཨིན་པའི་ ངོས་འཛིན་འབད་ནུག་ཟེར་ དམངས་མི་གིས་ བཤདཔ་ཨིན་པས།
བྱུང་རྐྱེན་དེ་ སྤྱི་ཟླ་༧ པའི་ཚེས་༢༥ གི་ནུབ་མོའི་ ཆུ་ཚོད་༡༡ དེ་ཅིག་ཁར་ སྒང་ཟུར་རྒེད་འོག་ གླིང་ག་སྦིས་- རྡོ་སྒར་སྤང་ལུ་ བྱུང་ཡོདཔ་ད་ ཚེ་འདས་ཨམ་སྲུ་༢ དེ་ ཆུ་རུད་ལས་ བྲོས་ཟུར་འབད་ནིའི་དོན་ལུ་ ཁྱིམ་ནང་ལས་ ཐོན་འགྱོ་བའི་སྐབས་ འཕྱགས་བདའ་ཡོདཔ་ཨིན་པས།
དེ་ཚེ་ཁྱིམ་ནང་ ཚེ་འདས་ཨམ་སྲུ་༢ དང་ ཕོ་སྐྱེས་༡ སྡོད་ཡོདཔ་ད་ ཆུ་རུད་འོང་ནི་མས་མནོ་སྟེ་ ཁོང་༣ ཁྱིམ་ནང་ལས་ ཐོན་འགྱོ་བའི་སྐབས་ ཕོ་སྐྱེས་དེ་ ཆུ་ལྷམ་བཙུགས་སྡོདཔ་ད་ ཨམ་སྲུ་༢ ཁྱིམ་ནང་ལས་ ཐོན་སོང་ཡོདཔ་བཞིན་དུ་ དེ་ཅིག་གི་བར་ན་ ཆུ་རུད་ཀྱིས་ འཕྱགས་བདའ་ཡོདཔ་ལས་ ཕོ་སྐྱེས་དེ་ ལོག་ཁྱིམ་ནང་སོང་སྟེ་ ཁྱིམ་ཐོག་ཁར་ འཛེགས་སྡོད་ཡོདཔ་ཨིན་པས།
རྫོང་ཁག་བདག་སྐྱོང་གིས་ གཡུས་དེ་གི་ལྟག་ལུ་ རི་ཅིག་ཡོད་མི་དེ་ཁར་སོང་སྟེ་ ཆུ་རུད་དེ་ ག་ཅི་ལུ་བརྟེན་ བྱུང་ཡོདཔ་ཨིན་ན་དང་ མ་འོངས་པར་ སྔོན་འགོག་གི་ ཐབས་ལམ་བཏོན་ཚུགས་ནིའི་དོན་ལས་ ཞིབ་དཔྱད་འབད་བར་འགྱོ་ནིའི་ འཆར་གཞི་ཡོདཔ་ད་ རྫོང་ཁག་གིས་ སྐྱིད་སྡུག་ཡིག་ཚང་བརྒྱུད་དེ་ ཚེ་འདས་ཀྱི་ སྤུན་ཆ་ཚུ་ལུ་ མངའ་བདའ་རྒྱལ་པོའི་ སེམས་གསོ་ཡང་ སྤྲོད་ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། ངང་ལམ།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *