ཆུ་རུད་ཀྱིས་འཕྱགས་བདའ་མི་ ཨམ་སྲུ་༢ ཀྱི་ཕུངམོ་ ད་ལྟོ་ཡང་ འཚོལ་མ་འཐོབ་པར་ཡོདཔ།

༉ འཕྲལ་ཁམས་ཅིག་ཁར་ ལྷུན་རྩེ་ལུ་ ཆུ་རུད་ཀྱིས་འཕྱགས་བདའ་མི་ ཚེ་འདས་ཨམ་སྲུ་༢ ཀྱི་ཕུངམོ་ ཉིནམ་༤ དེ་ཅིག་གི་རིང་ འཚོལ་ཞིབ་འབད་རུང་ ད་ལྟོའི་བར་ན་ཡང་ འཚོལ་མ་འཐོབ་པར་ཡོདཔ་ད་ སྐྱེས་ལོ་༢༣ ལང་མི་ ཚེ་འདས་ཨམ་སྲུ་དེ་ ཨ་ལོ་སྐྱེ་ནི་ཡོདཔ་ཨིན་པས།
རྐྱེན་ངན་དེ་ཡང་ སྤྱི་ཟླ་༧ པའི་ཚེས་༢༥ གི་ ནུབ་མོའི་ཆུ་ཚོད་༡༡ དེ་ཅིག་ཁར་ སྒང་ཟུར་རྒེད་འོག་ གླིང་ག་སྦིས་-རྡོ་སྒར་སྤང་ལུ་ བྱུང་ཡོདཔ་ད་ ཚེ་འདས་ཨམ་སྲུ་༢ པོ་དེ་ ཆུ་རུད་ཐོནམ་ད་ བྱོག་འགྱོ་ནིའི་དོན་ལུ་ ཁྱིམ་ནང་ལས་ ཐོན་འགྱོ་བའི་སྐབས་ འཕྱགས་བདའ་ཡོདཔ་ཨིན་པས།
སྒང་ཟུར་རྒེད་འོག་གི་དམངས་མི་ ཚེ་དབང་འཕྲིན་ལས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ རྫོང་བདག་གིས་ འགོ་ཁྲིད་འབད་དེ་ བདེ་སྲུངཔ་དང་ རྫོང་ཁག་གི་འགོ་དཔོན་ཚུ་གིས་ ཨའུ་མཚོ་ལས་ སྟག་མོ་ཆུ་ཚུན་ འཚོལ་ཡོདཔ་བཞིན་དུ་ ཁྲིམས་སྲུང་འགག་པའི་ སྡེ་ཚན་གྱིས་ སྟག་མོ་ཆུ་ལས་ སྒང་ཟུར་ཚུན་ འཚོལ་ཞིབ་འབད་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཉིམ་གཤོང་དང་ མ་སྒར་-སོམ་ཤིང་སྤྱི་འོག་༢ ཀྱི་མི་ཚུ་གིས་ སྒང་ཟུར་ལས་ གླིང་ག་སྦིས་-རྡོ་སྒར་སྤང་ཚུན་ འཚོལ་ཞིབ་འབད་རུང་ འཚོལ་མ་འཐོབ་ལས་ ཁ་ཙ་ ཉིནམ་༡ ས་བརྐོ་འཕྲུལ་ཆས་ ཨེསི་ཀེ་བེ་ཊར་གྱིས་ གནོད་སྐྱོན་བྱུང་སའི་ ས་ཁོངས་ཚུ་ནང་བརྐོ་རུང་ མ་འཐོབ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ནངས་པར་ ཀུ་རི་ཆུ་དེ་ཡང་ བྲེས་ཡོདཔ་ལས་ འཚོལ་ཞིབ་འབད་ནི་ལུ་ ཉེན་ཁ་ཡོད་མི་ལུ་བརྟེན་ ཆུ་ཆུང་ཀུ་འགྱོ་བའི་ཤུལ་ལས་ ལོག་འཚོལ་ནི་སྦེ་ གྲོས་བསྟུན་འབད་རུང་ ད་ལྟོ་ ཏན་ཏན་ག་ནི་ཡང་ མེད་ཟེར་ཨིན་པས།
ཚེ་འདས་ཨམ་སྲུ་༢ ཀྱི་ ཁྱིམ་གྱི་སྦོ་ལོགས་ཁར་ཡོད་མི་ རོང་ཆུ་དེ་ ཆུང་ཀུ་ཅིག་འབད་ནི་དེ་གིས་ ཆུ་རུད་འཐོན་ནིའི་ རྣམ་རྟོག་ག་ལུ་ཡང་ མེད་པའི་ཁར་ དེ་ཚེ་ ས་གནས་དེ་ཁར་ ཆརཔ་ཤུགས་སྦེ་མ་རྐྱབ་རུང་ ཆུ་རུད་དེ་ ལ་ཁར་ཆརཔ་ཤུགས་སྦེ་ རྐྱབ་ནི་དེ་གིས་ ཐོན་ཐོནམ་འོང་ནི་མས་ཟེར་ཨིན་པས།
ཁོང་༢ ཀྱིས་ དེ་ཚེ་ གཞན་དང་མ་འདྲ་བའི་སྐད་ཅིག་ གོ་ཡོདཔ་ལས་ རྐྱེན་ངན་འབྱུང་ནིའི་ ཉེན་ཁ་ཡོད་མི་ལུ་བརྟེན་ སྣུམ་འཁོར་ཚུ་ ཉེན་སྲུང་དང་ལྡན་པའི་ ས་ཁོངས་ཚུ་ནང་བཞག་ཡི་ཟེར་ ཁྱིམ་ཚང་ཚུ་ལུ་ འགྲུལ་འཕྲིན་བཏང་ཐོག་ལས་ བརྡ་དོན་སྤྲོད་ཡོདཔ་ཨིན་པས།
དེ་ཚེ་ཁྱིམ་ནང་ ཚེ་འདས་ཨམ་སྲུ་༢ དང་ ཕོ་སྐྱེས་༡ སྡོད་ཡོདཔ་ད་ ཆུ་རུད་འོང་ནི་མས་མནོ་སྟེ་ ཁོང་༣ ཁྱིམ་ནང་ལས་ ཐོན་འགྱོ་བའི་སྐབས་ ཕོ་སྐྱེས་དེ་ ཆུ་ལྷམ་བཙུགས་སྡོདཔ་ད་ ཨམ་སྲུ་༢ ཁྱིམ་ནང་ལས་ ཐོན་སོང་ཡོདཔ་བཞིན་དུ་ དེ་ཅིག་གི་བར་ན་ ཆུ་རུད་ཀྱིས་ འཕྱགས་བདའ་ཡོདཔ་ལས་ ཕོ་སྐྱེས་དེ་ ལོག་ཁྱིམ་ནང་སོང་སྟེ་ ཁྱིམ་ཐོག་གུ་ འཛེགས་སྡོད་ཡོདཔ་ཨིན་པས།
རྫོང་ཁག་བདག་སྐྱོང་གིས་ གཡུས་ཚད་དེ་གི་ལྟག་ལུ་ རི་ཅིག་ཡོད་མི་དེ་ཁར་ མཚོ་ལ་སོགས་པ་ཡོད་པའི་སྐོར་ལས་ མི་ཚུ་གིས་ སླབ་ནི་མེད་རུང་ ཆུ་རུད་དེ་ ག་ཅི་ལུ་བརྟེན་ཐོན་ཡོདཔ་ཨིན་ན་དང་ མ་འོངས་པ་ལུ་ སྔོན་འགོག་གི་ཐབས་ལམ་ཚུ་ བཏོན་ནིའི་དོན་ལུ་ རི་དེ་ཁར་ བལྟ་བར་འགྱོ་ནིའི་ འཆར་གཞི་ཡོདཔ་ཨིན་པས།
ཆུ་རུད་དེ་གིས་ ཚེ་འདས་༢ ཀྱི་ ནོར་དང་ བྱམོ་ ཆུ་ཞིང་དང་ ས་ཞིང་གཞན་ཚུ་ འཕྱགས་བདའ་ཡོདཔ་མ་ཚད་ ཆུ་འཁོར་མ་ཎི་དང་ ཞིང་ཆུའི་གཡུར་བ་ དེ་ལས་ དུང་དཀར་དང་ གནས་སྤྱི་འོག་གི་ འཁོར་ལམ་ཚུ་ཡང་ རྩ་བ་ལས་ར་ འཕྱགས་བདའ་ཡོདཔ་ཨིན་པས།
རྒྱལ་པོའི་ཞིང་-ངང་ལམ་གཞུང་ལམ།
རྒྱལ་པོའི་ཞིང་-ངང་ལམ་གཞུང་ལམ་དེ་ སྣུམ་འཁོར་རྒྱུན་འགྲུལ་གྱི་དོན་ལུ་ བཀག་ཆ་འབད་དེ་ བདུན་ཕྲག་༢ ལྷགཔ་ཅིག་ ལང་ཡོདཔ་བཞིན་དུ་ ད་རུང་ གཞུང་ལམ་བསུབས་ཡོད་མི་དེ་ བསལ་ནིའི་དོན་ལུ་ ཉིན་གྲངས་༤ དང་༥ དེ་ཅིག་ འགོར་ནི་བཟུམ་ཅིག་ ཡོདཔ་ཨིན་པས།
ངང་ལམ་གྱི་ ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་འགོ་དཔོན་འོགམ་ ཇའི་ཀུར་མར་གྱིས་ སླབ་མིའི་ནང་ ངང་ལམ་ལས་ རྒྱལ་པོའི་ཞིང་ཁ་ཐུག་ ཀི་ལོ་མི་ཊར་༤༣ ཚུན་ བསལ་ཚར་ཡི་ཟེར་ཨིནམ་ད་ འཁོར་ལམ་བསལ་དགོཔ་ ཀི་ལོ་མི་ཊར་༡ དེ་ཅིག་ལས་མེད་རུང་ དུས་ཡུན་འགོར་ནི་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཀི་ལོ་མི་ཊར་༤༣ དང་༤༤ གི་བར་ན་ ས་ཁོངས་མང་རབས་ཅིག་ནང་ གཞུང་ལམ་ཚུ་ རྩ་བ་ལས་ར་ འཕྱགས་བདའ་ཡོདཔ་ལས་ ལོག་གསརཔ་སྦེ་ར་ བསལ་དགོ་མི་ལུ་བརྟེན་ ཆརཔ་མ་རྐྱབ་པ་ཅིན་ ཉིནམ་༤ དང་༥ དེ་ཅིག་ནང་ བསལ་ཚར་འོང་ཟེར་ཨིནམ་ད་ ཨིན་རུང་ ཆརཔ་རྐྱབ་པ་ཅིན་ སླབ་མི་ཤེས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཞུང་ལམ་བསུབས་མི་ཚུ་ སེལ་བའི་བསྒང་ཡོདཔ་བཞིན་དུ་ འཕྲལ་འཕྲལ་ས་རུད་ཚུ་ ཆད་འོང་དོ་ཡོད་པའི་ཁར་ རྡོ་ཚུ་ཡང་ བུད་དོ་ཡོདཔ་ལས་ ལས་མི་ཚུ་གི་ཚེ་སྲོག་ལུ་ ཉེན་ཁ་འདུག་ཟེར་ཨིནམ་ད་ གཞུང་ལམ་དེ་ སྤྱི་ཟླ་༧ པའི་ཚེས་༡༡ ལུ་ ཆརཔ་མ་ཆད་པར་རྐྱབ་མི་ལུ་བརྟེན་ བསུབས་ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *