༉ འབྲུག་ལུ་ རམ་སཱར་གྱི་ ས་ཁོངས་ཁག་གསུམ་ ངོས་འཛིན་འབད་ཡོདཔ་བཞིན་དུ་ ཉམས་སྲུང་འབད་ནི་ལུ་ དཀའ་ངལ་ལེ་ཤ་ཅིག་ར་ བྱུང་དོ་ཡོདཔ་ཨིན་པས།
དེ་ཡང་ ད་རེས་ ཐིམ་ཕུག་ལུ་སྦེ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ཆུ་ཞིང་འཛིན་སྐྱོང་པ་ཚུ་གི་ སྦྱོང་བརྡར་ལས་རིམ་སྐབས་ ས་ཁོངས་ཀྱི་ འགོ་དཔོན་ཚུ་གིས་ གསལ་བཀོད་འབད་ཡི།
ས་ཁོངས་ཚུ་ཡང་ བཀྲིས་གཡང་རྩེ་ འབུམ་སྡེ་གླིང་དང་ དབང་འདུས་ཕོ་བྲང་ ཁོ་ཏ་ཁ་ དེ་ལས་ སྒང་སྟེང་-ཕོབ་སྦྱིས་ཁ་༣ ཨིནམ་ད་ འབུམ་སྡེ་གླིང་རི་དྭགས་སྲུང་སྐྱོབས་ས་ཁོངས་ཀྱི་ ནགས་ཚལ་འགོ་དཔོན་ ཚེ་རིང་དོན་གྲུབ་ཀྱིས་འབད་བ་ཅིན་ རམ་སཱར་གྱི་ ས་ཁོངས་དེ་ནང་ སྒེར་གྱི་ས་ཆ་ཚུ་ཡང་ཡོདཔ་ལས་ ས་ཆའི་བདག་དབང་དང་འབྲེལ་བའི་ དཀའ་ངལ་ཚུ་ བྱུངམ་མས་ཟེར་ཨིན་པས།
གནམ་བྱཱར་ ས་ཁོངས་དེ་ནང་ ལོ་བསྟར་བཞིན་དུ་ ཆུ་རུད་ཐོན་པའི་ དཀའ་ངལ་ཡང་ ཡོད་ཟེར་ཨིན་ཨིན་པས།
འབུམ་སྡེ་གླིང་གི་ རམ་སཱར་ས་ཁོངས་དེ་ སྤྱི་ལོ་༢༠༡༢ ལུ་ གཞི་བཙུགས་འབད་ཡོདཔ་ད་ ས་ཁོངས་རྒྱ་ཚད་ ཧེག་ཊར་༡༤༢ འབད་མི་དེ་ བཀག་འཛིན་འབད་ཡོད་པའི་ ས་ཁོངས་ནང་ཨིན་པས།
དེ་ལས་ ས་ཁོངས་དེ་ཡང་ གནམ་དགུན་ ཁྲུང་ཁྲུང་སྐེ་ནག་ཚུ་ འཁྱམས་སྡོད་སའི་ ས་ཁོངས་གཙོ་ཅན་ཅིག་ཡང་ ཨིན་པས།
བཅའ་མར་གཏོགས་མི་ ལ་ལོ་ཅིག་གིས་ ས་ཁོངས་དེ་ནང་ སྒེར་ས་ཡང་ ཚུད་དེ་ཡོད་པ་ཅིན་ ད་ལས་ཕར་ ས་ཆ་ཚུ་ གཞུང་གིས་ཉོ་ནིའི་ འཆར་གཞི་ཡོད་མེད་ཀྱི་སྐོར་ལས་ དྲི་བའི་སྐབས་ སོ་ནམ་ལྷན་ཁག་གི་ ཆུ་འཛིན་སྐྱོང་ལས་ཁུངས་ལས་ བསོད་ནམས་ཆོས་སྒྲོན་གྱིས་ མ་གཞི་ ས་ཁོངས་དེ་ རམ་སཱར་ལུ་ བསྒྱུར་བཅོས་འབད་བའི་སྐབས་ བཟའ་སྤྱོད་མ་འབད་བར་ བཞག་ཡོདཔ་ཨིན་རུང་ ད་རེས་ ལོག་བཟའ་སྤྱོད་འབད་ནིའི་ ལོ་རྒྱུས་ཐོནམ་མས་ཟེར་ཨིན་པས།
ཨིན་རུང་ གནད་དོན་དེ་གི་སྐོར་ལས་ འབྲུག་གི་ ས་ཆ་ལྷན་ཚོགས་དང་གཅིག་ཁར་ གྲོས་བསྟུན་འབད་དེ་ དཀའ་ངལ་དེ་ སེལ་དགོཔ་ཡོད་ཟེར་ཨིནམ་ད་ ཨིན་རུང་ མི་སེར་ཚུ་གིས་ ས་ཆ་ཚུ་ བཟའ་སྤྱོད་མ་འབད་རུང་ ལོག་བཟའ་སྤྱོད་འབད་ནི་ཨིན་ཟེར་སླབ་སྟེ་ བཙོང་ནི་ལུ་ ངོས་ལེན་འབད་མི་བཏུབ་པས་ཟེར་ཨིན་པས།
ད་ལས་ཕར་ ཆུ་ཞིང་ཚུ་ བདག་འཛིན་འཐབ་ནིའི་དོན་ལུ་ ཐབས་ལམ་ཚུ་ ལེ་ཤ་ཅིག་ར་ བཏོན་དོ་ཟེར་ཨིནམ་ད་ འབུམ་སྡེ་གླིང་ལུ་ ཆུ་ཞིང་ཉམས་སྲུང་ཚོགས་པ་ཟེར་ མི་སྡེའི་ཚོགས་པ་ཅིག་ཡང་ གཞི་བཙུགས་འབད་དེ་ ཡོདཔ་ཨིན་པས།
ཚེ་རིང་དོན་གྲུབ་ཀྱིས་ བཤད་མིའི་ནང་ གོ་བརྡའི་ལས་རིམ་ཚུ་ཡང་ འགོ་འདྲེན་འཐབ་བཞིན་དུ་ ཡོད་ཟེར་ཨིན་པས།
ཁོ་ཏ་ཁ་ རམ་སཱར་ས་ཁོངས་ལས་ ནགས་ཚལ་ལས་བྱེདཔ་ དམ་ཆོས་བསྟན་འཛིན་གྱིས་ སླབ་མིའི་ནང་ ས་ཁོངས་དེ་ནང་ ནོར་སེམས་ཅན་ཚུ་གིས་ ཚད་ལས་བརྒལ་བའི་ རྩྭ་ཟ་མི་དང་ ཆུ་དང་ ཕྱགས་སྙིགས་འཛིན་སྐྱོང་ དེ་ལས་ གནམ་དགུན་ ས་སྐམ་སྟེ་སྡོད་པའི་སྐབས་ སྣུམ་འཁོར་ཚུ་ ག་ལྷོད་འོང་བའི་དཀའ་ངལ་ ཡོད་ཟེར་ཨིནས་པས།
དེ་མ་ཚད་ མི་ལ་ལོ་ཅིག་གིས་ རོང་ཆུ་ཚུ་ནང་ སྣུམ་འཁོར་ཚུ་འཁྱུ་བའི་ དཀའ་ངལ་ཚུ་ཡང་ ཐོནམ་མས་ཟེར་ཨིན་པས།
རམ་སཱར་གྱི་ ས་ཆ་དེ་ ག་ར་གཞུང་ས་ཨིནམ་མ་ཚད་ ནགས་ཚལ་འཛིན་སྐྱོང་ ས་ཁོངས་ནང་ཡང་ ཚུདཔ་ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ སྒང་སྟེང་-ཕོབ་སྦྱིས་ཁ་གི་ ས་ཁོངས་ནང་ཡང་ ནོར་སེམས་ཅན་ཚུ་གིས་ ཚད་ལས་བརྒལ་བའི་ རྩྭ་ཟ་མིའི་ དཀའ་ངལ་ཡོདཔ་ད་ ཁྲིམས་འགལ་ཐོག་ བཟོ་བཀོད་འབད་མི་ དེ་ལས་ རྒྱལ་ཡོངས་རང་བཞིན་སྲུང་སྐྱོབ་སྡེ་ཚན་དང་ ནགས་ཚལ་ དེ་ལས་ མི་སྡེ་ཚུ་གི་བར་ན་ ས་མཚམས་གསལ་ཏོག་ཏོ་སྦེ་ བཀོད་བཀོདཔ་མེད་པའི་ དཀའ་ངལ་ཡང་ བྱུངམ་མས་ཟེར་ཨིན་པས།
བཅའ་མར་གཏོགས་མི་ཚུ་གིས་ སླབ་མིའི་ནང་ ས་ཁོངས་དེ་ཚུ་ནང་ དཀའ་ངལ་ལ་ལོ་ཅིག་ ཅོག་འཐདཔ་སྦེ་ བྱུང་སྟེ་ཡོདཔ་ལས་ དེ་ཚུ་ སེལ་ཐབས་འབད་དགོཔ་ ཁག་ཆེ་བས་ཟེར་ཨིན་པས།
སྦྱོང་བརྡར་ལས་རིམ་དེ་ཡང་ སོ་ནམ་ལྷན་ཁག་ ནགས་ཚལ་དང་ གླིང་ཁ་ཞབས་ཏོག་དང་ ཤར་ཨེ་ཤི་ཡའི་ རམ་སཱར་ལུང་ཕྱོགས་ལྟེ་བ་༢ ཀྱིས་ མཉམ་རུབ་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ད་ འབྲུག་པའི་ནགས་ཚལ་འགོ་དཔོན་༤༠ དེ་ཅིག་གིས་ བཅའ་མར་གཏོགས་དོ་ཡོདཔ་ ཨིན་པའི་གནས་ཚུལ།
ཉི་མ་དབང་འདུས།