སོ་ནམ་པ་ བཀྲིས་ཀྱིས་ བཟའ་སྤྱོད་འབད་མ་ཚུགས་པར་ལུས་མི་ ཆུ་ཞིང་སྟོངམ་ཚུ་གི་སྐོར་ལས་ གསལ་བཤད་འབད་བའི་བསྒང་།

ཆུ་ཞིང་ཚུ་གི་ གནས་སྟངས་ཚུ་ལུ་བལྟ་བ་ཅིན་ ཐོན་སྐྱེད་མར་ཉམས་འགྱོ་བའི་མངོན་གསལ།

༉ གཞུང་གིས་འབད་བ་ཅིན་ འདས་པའི་ལོ་༣ དང་ཕྱདཔ་ད་ ལོ་ཐོག་ཚུ་གི་ ཐོན་སྐྱེད་དེ་ ལེ་ཤ་གིས་ ཡར་སེང་སོང་ཡོདཔ་ད་ ཨིན་རུང་ ད་རེས་ ཆུ་ཞིང་ཚུ་གི་ གནས་སྟངས་ཚུ་ལུ་བལྟ་བ་ཅིན་ ཡར་སེང་མེན་པར་ མར་ཉམས་འགྱོ་དོ་བཟུམ་སྦེ་ཡང་ མཐོངམ་ཨིན་པས།

ནུབ་ཕྱོགས་རྫོང་ཁག་ཚུ་གི་གྲས་ལས་ རེད་ཐོན་སྐྱེད་མངམ་འབད་མི་གཅིག་ སྤུ་ན་ཁ་རྫོང་ཁག་ཨིན་རུང་ རྫོང་ཁག་དེ་ནང་ ཆུ་ཞིང་སྟོངམ་ཨེ་ཀར་༣༣༥ ལྷགཔ་ཅིག་ ལུས་ཡོད་མི་དེ་ ཚ་གྱང་ལང་དགོ་པའི་ གཞི་གནད་ཅིག་ཨིན་པས།
ཆུ་ཞིང་སྟོངམ་ལུས་མི་དེ་ ཞིང་ཆུ་མེད་པའི་ དཀའ་ངལ་ལུ་བརྟེན་ཏེ་ཨིནམ་ད་ དེ་ཡང་ གཡུས་ཚན་ལ་ལོ་ཅིག་ནང་ ཞིང་ཆུ་ག་ར་ སྐམ་ཡོདཔ་མ་ཚད་ ལ་ལོ་ཅིག་ནང་ ཆུང་ཀུ་ཅིག་ལས་བརྒལ་མིན་འདུག།
རྫོང་ཁག་ནང་ ཆུ་ཞིང་སྟོངམ་སྦེ་ ལུས་མི་ཚུ་གི་གྲས་ལས་ དཀའ་ངལ་ངོ་མ་ར་ རྟ་ལོག་རྒེད་འོག་གི་ གུང་ཁྲ་མོ་དང་ ལབ་རྩ་ཁ་གཡུས་ཚན་དང་ ཆུ་སྦུག་རྒེད་འོག་ ཤེལ་རྔ་ནང་རྒེད་འོག་ དེ་ལས་ དཀར་སྦིས་ས་ ལ་སོགས་པའི་ གཡུས་ཚན་ཚུ་ནང་འདུག།
ཞིང་ཆུ་མེད་པའི་ དཀའ་ངལ་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་མི་གཅིག་ སོ་ནམ་པ་བཀྲིས་ཨིནམ་ད་ ཁོ་ལུ་ ཆུ་ཞིང་ཨེ་ཀར་༢ དེ་ཅིག་ཡོད་ས་ལས་ ཌིསི་༥༠ དེ་ཅིག་ སྟོངམ་ལུས་ནི་དེ་གིས་ དུས་ཅི་འབདཝ་ད་ ལོ་༥ དང་༦ དེ་ཅིག་ལང་ནུག།
སྐྱེས་ལོ་༦༩ ལང་མི་ བཀྲིས་ཀྱིས་ སླབ་མིའི་ནང་ ཆུ་ཞིང་སྟོངམ་ལུས་ནི་དེ་གིས་ ལོ་བསྟར་བཞིན་དུ་ རྒྱ་གར་ལས་ ནང་འདྲེན་འབད་མི་ རྒྱ་ཆུམ་ཟ་སྟེ་ ལོ་ལེ་ཤ་ལང་ཡི་ཟེར་ཨིནམ་ད་ མ་གཞི་ ཞིང་ཆུ་ཡོད་པ་ཅིན་ རྒྱ་ཆུམ་ཟ་དགོཔ་ མི་འཐོན་ནི་མས་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ ཁོ་གི་ ཆུ་ཞིང་སྟོངམ་ལུས་ཡོད་མི་ལས་ ཆུམ་ཀེ་ཇི་༣༠༠ དེ་ཅིག་ ཐོན་སྐྱེད་འབད་མི་དེ་གིས་ ཁོ་རའི་ བཟའ་ཚང་ལུ་ ལང་དོ་ཡོདཔ་མ་ཚད་ གཞན་མི་ཞིང་ལས་ ཐོན་སྐྱེད་འབད་མི་ཆུམ་དེ་ བཙོང་ཚུགས་ནུག།
བཀྲིས་ཀྱིས་ སླབ་མིའི་ནང་ ཞིང་ཆུ་དེ་ ག་ཅི་ལུ་བརྟེན་སྐམ་འགྱོ་དོ་ཡོདཔ་ཨིན་ན་ སླབ་མི་ཤེས་པས་ཟེར་ཨིནམ་ད་ ད་རེས་ རྒྱ་ཆུམ་ཚུ་ གྱིབ་ཤོག་གིས་ བཟོ་མི་ཐོན་དོ་ཟེར་ གནས་ཚུལ་གོ་བའི་སྐབས་ ཚ་གྱང་ལང་དགོཔ་ཐོན་ཡི་ཟེར་ཨིན་པས།
སྤུ་ན་ཁ་རྫོང་ཁག་ནང་ ཆུ་ཞིང་སྟོངམ་ ཨེ་ཀར་༣༣༥ ལུས་ཡོད་པའི་ཁར་ ཨེ་ཀར་༨༧ དེ་ཅིག་ གོང་འཕེལ་ལཱ་ལུ་བརྟེན་ ཆུ་ཞིང་ནང་ ཁྱིམ་ལ་སོགས་པའི་ གཞི་རྟེན་མཐུན་རྐྱེན་ཚུ་ ཆགས་པའི་སྐབས་ རྫོང་ཁག་ནང་ ཡོངས་བསྡོམས་ཆུ་ཞིང་ཨེ་ཀར་༤༢༢ དེ་ཅིག་ ལྕང་ལཱ་རྐྱབ་མ་ཚུགས་པར་ལུས་ནུག།
གལ་སྲིད་ ཆུ་ཞིང་ཨེ་ཀར་༤༢༢ ལྕང་ལཱ་རྐྱབ་ཚུགས་པ་ཅིན་ ལོ་བསྟར་བཞིན་དུ་ ཆུམ་ཀེ་ཇི་༢༧༣,༤༥༦ དེ་ཅིག་ ཐོན་སྐྱེད་འབད་ཚུགས་ནི་ཨིནམ་ད་ དེ་ཡང་ ཆུ་ཞིང་ཨེ་ཀར་༡ གིས་ ཆུམ་ཀེ་ཇི་༦༠༠ ལྷགཔ་ཅིག་ ཐོན་དོ་ཡོདཔ་ཨིན་པས།
སོ་ནམ་དང་ནགས་ཚལ་བློན་པོ་ ཡེ་ཤེས་རྡོ་རྗེ་གིས་འབད་བ་ཅིན་ ད་རེས་ནངས་པར་ རྒྱལ་ཁབ་ཀྱི་ས་གནས་ མང་ཤོས་ཅིག་ནང་ ཞིང་ཆུ་སྐམ་འགྱོ་བའི་ དཀའ་ངལ་ལུ་བརྟེན་ ཆུ་ཞིང་མང་ཤོས་ཅིག་ སྟོངམ་སྦེ་ལུས་ནུག་ཟེར་ཨིན་པས།
བློན་པོ་གིས་ བཤད་མིའི་ནང་ ཞིང་ཆུ་མེད་པའི་གཡུས་ཚན་ཚུ་ནང་ འཕྲུལ་ཆས་ལག་ལེན་འཐབ་ཐོག་ལས་ ཆུ་འཐེན་ནིའི་ཞབས་ཏོག་ཚུ་ འགོ་བཙུགས་ཡོདཔ་མ་ཚད་ ལ་ལོ་ཅིག་ནང་ ཆར་ཆུ་བཟེད་ཐོག་ལས་ ལྕང་ལཱ་རྐྱབ་ནིའི་ ཐབས་ཤེས་ཚུ་ཡང་ འགོ་བཙུགས་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
གཞུང་གི་ཐོ་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༡༣ ལུ་ འབྲུ་སྣའི་རིགས་ མེ་ཊིག་ཊཱོན་༡༦༢,༨༢༠ ཐོན་སྐྱེད་འབད་མི་ལས་ སྤྱི་ལོ་༢༠༡༥ ལུ་ མེ་ཊིག་ཊཱོན་༡༧༥,༢༣༢ ལུ་ ཡར་སེང་སོང་ཡི་ཟེར་ཨིནམ་ད་ བློན་པོ་གིས་འབད་བ་ཅིན་ ཐོན་སྐྱེད་ཡར་སེང་སོང་མི་དེ་ གཞུང་གིས་ འཕྲུལ་གླང་པ་ཝར་ཊི་ལར་གནང་མི་དང་ ལོ་ཐོག་གི་སོན་ རིན་མེད་སྟོང་པར་ བཀྲམ་སྤེལ་འབད་མི་ དེ་ལས་ གློག་ཐག་ར་བ་ བཀྲམ་སྤེལ་འབད་ནི་དེ་གིས་ ཨིན་ཟེར་ཨིན་པས།
མེ་ཊིག་ཊཱོན་གཅིག་ལུ་ ཀེ་ཇི་༡,༠༠༠ ཨིནམ་ད་ མེ་ཊིག་ཊཱོན་༡ ཡར་སེང་འབད་རུང་ ཆུམ་ནང་འདྲེན་འབད་མི་དེ་ ལེ་ཤ་གིས་ མར་ཕབ་འབད་ཚུགས་ནི་ཨིནམ་ད་ ད་རེས་ རྒྱལ་ཁབ་ནང་ ཟླཝ་གཅིག་ལུ་རང་ དངུལ་ཀྲམ་ས་ཡ་༨༠ དེ་ཅིག་གི་ རྒྱ་ཆུམ་ནང་འདྲེན་ འབད་དོ་ཡོདཔ་ཨིན་པས།
ཨིན་རུང་ ཆུ་ཞིང་སྟོངམ་ཚུ་ ལོག་བཟའ་སྤྱོད་འབད་དགོ་པ་ཅིན་ ད་ལྟོ་ཡོད་པའི་ ཐབས་ཤེས་ཚུ་གིས་ ལཱ་འབད་མི་བཏུབ་ནི་ཨིནམ་ད་ དེའི་དོན་ལུ་ ཆུ་ངེས་བདེན་དགོཔ་ ཨིན་པའི་གནས་ཚུལ།

སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *