བྱང་སའི་མི་སེར་ཚུ་ ཆུ་བྱག་རྐྱབ་ནི་ལུ་ སྒུག་སྟེ་ཡོདཔ་ཨིན་པས།

ཆུ་བྱག་མ་རྐྱབ་པ་ཅིན་ བྱང་ས་གཡུས་མི་ཚུ་ འཇིགས་སྣང་ཐོག་ལུ་ སྡོད་དགོཔ་འཐོན་ནི།

༉ ཁྱིམ་དང་ས་དེ་ཚུ་ ས་ཡོམ་རྐྱབ་པའི་སྐབས་དང་ གས་རྫས་ཚུ་ ལག་ལེན་འཐབ་ད་ ཕར་ཚུར་སྤར་ནི་ཡོད་རུང་ བྱང་ས་གཡུས་ཚན་ནང་ འབད་བ་ཅིན་ གཡོ་བསྒུལ་འབད་མི་ འཇིགས་པ་སོ་སོར་ཅིག་འདུག།

དེ་ཡང་ གནམ་བྱཱར་གྱི་ ཆར་ཆུའི་དུས་ཚོད་འགོ་བཙུགསཔ་ད་ བྱང་ས་གཡུས་ཚན་གྱི་ སོ་ནམ་པ་ཚུ་དང་ དམིགས་བསལ་དུ་ བྱང་ས་གཙང་ཆུའི་མཐའམ་བདའ་སྟེ་སྡོད་མི་ ཁྱིམ་གུང་༦ གི་ བཟའ་ཚང་ཚུ་ ཟ་རུང་བཅུད་མེད་ ཉལ་རུང་གཉིད་མེད་པའི་ སྡུག་བསྔལ་ཐོག་ལུ་ སྡོད་དགོཔ་བྱུང་མི་དེ་ཡང་ གཙང་ཆུ་བྲེས་མི་ལུ་བརྟེན་ཨིན་པས།

བྱང་ས་གཙང་ཆུ་བྲེས་ཏེ་ འུར་སྒྲ་དང་བཅསཔ་སྦེ་ འགྱོ་བའི་སྐབས་ གཡུས་ཚན་དེ་ ས་ཡོམ་རྐྱབ་དོ་བཟུམ་སྦེ་ གཡོ་བསྒུལ་འབད་མི་ལུ་བརྟེན་ ཁྱིམ་གུང་༦ གི་ སོ་ནམ་པ་ཚུ་ འཕྲལ་འཕྲལ་ར་ ཉེན་སྲུང་ལྡན་པའི་ ས་ཁོངས་ནང་ཡོད་མི་ ཁྱིམ་ཚང་ཚུ་འབད་སར་ འགྱོ་དགོ་དོ་ཡོདཔ་ཨིན་པས།

བྱང་ས་གཡུས་ཚན་དེ་ བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁ་དྲུང་ཁག་ གླང་ཅན་ཕུག་རྒེད་འོག་ལྟེ་བའི་ འཁོར་ལམ་ལས་ ཀི་ལི་མི་ཊར་༣ དེ་ཅིག་གི་ ས་ཁར་ཆགས་ནུག། 

གཡུས་མི་ཚུ་ གཙང་ཆུ་བདའ་སྟེ་ ཉེན་སྲུང་གི་ ཆུ་བྱག་རྐྱབ་ནི་ལུ་ སྒུག་སྟེ་ཡོད་པའི་ཁར་ གཙང་ཆུའི་མཐའམ་བདའ་སྟེ་ཡོད་མི་ ས་ཞིང་ཚུ་ བཟའ་སྤྱོད་མ་འབད་བར་ སྟོངམ་སྦེ་བཞག་ནུག། 

གཡུས་མི་སྐྱེས་ལོ་༣༢ ལང་མི་ སི་ཏ་གི་མི་རེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཧེ་མར་ བྱང་ས་གཙང་ཆུ་བྲེས་མི་དེ་གིས་ ས་ཆ་ཨེ་ཀར་༡ དེ་ཅིག་ འཕྱགས་བདའ་ཡོད་རུང་ རྒུད་འཐུས་ག་ནི་ཡང་མེད་པར་ ལག་ཁྲམ་རྙིངམ་དེ་ནང་ལས་ ས་ཆ་དེ་ བཏོག་བཏང་ནུག་ཟེར་ཨིན་པས།

མོ་གིས་ སླབ་མིའི་ནང་ གཙང་ཆུའི་ཉེ་འདབས་ལུ་ཡོད་མི་ ས་ཞིང་དེ་ནང་ རྡོག་མ་ཤིང་བཙུགས་ནིའི་ དཔའ་བཅམ་ཡོད་རུང་ གཙང་ཆུ་དེ་གིས་ ས་ཞིང་ཆ་ཤས་ཅིག་ འཕྱགས་བདའ་མི་ལུ་བརྟེན་ བཙུགས་མ་ཚུགས་ཟེར་ཨིནམ་ད་ མོ་ལུ་ ས་ཆ་ཨེ་ཀར་ཕྱེད་དང་༦ དེ་ཅིག་ ཡོདཔ་ཨིན་པས།

མོ་གིས་འབད་བ་ཅིན་ མོ་གི་ཁྱིམ་དེ་ གཙང་ཆུའི་ཉེ་འདབས་ལུ་ ཡོདཔ་བཞིན་དུ་ འདས་པའི་ལོ་ནང་ གཙང་ཆུ་བྲེས་མི་ལུ་བརྟེན་ གཡུས་ཚན་དེ་ར་ གསིག་བཏངམ་ལས་ ཉེན་སྲུང་ཡོད་པའི་ ཁྱིམ་ཚང་ཚུ་གི་ཁྱིམ་ནང་ འགྱོ་དགོཔ་ཐོན་ཡི་ཟེར་ཨིན་པས།

སྐྱེས་ལོ་༣༥ ལང་མི་ རམ་ཅཱན་ད་ར་ནེ་པཱལ་གྱིས་ སླབ་མིའི་ནང་ ལོ་༥ དེ་ཅིག་གི་ཧེ་མར་ རྒེད་འོག་བདག་སྐྱོང་གིས་ བྱང་ས་གཙང་ཆུ་བདའ་སྟེ་ ཉེན་སྲུང་གི་ རྩིགཔ་རྐྱབ་ཡོདཔ་ལས་ གཙང་ཆུ་བྲེས་རུང་ ས་ཆ་འཕྱག་མ་བདའ་བའི་ ཕན་ཐོགས་ཚུ་ བྱུང་ཡི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ གཙང་ཆུ་བྲེས་མི་དེ་གིས་ ད་རུང་ ས་ཆ་ཚུ་ འཕྱག་བདའ་ནིའི་ ཉེན་ཁ་ཡོདཔ་ལས་ གཡུས་མི་ཚུ་གིས་ སྤྱི་འོག་ཚོགས་པ་ལུ་ གཙང་ཆུ་བདའ་སྟེ་ ཉེན་སྲུང་གི་ ཆུ་བྱག་རྐྱབ་དགོ་པའི་སྐོར་ལས་ སྙན་ཞུ་འབད་ཡོད་རུང་ ད་ལྟོ་ཚུན་ ལན་གསལ་ག་ནི་ཡང་ མ་ཐོབ་ཟེར་ཨིན་པས།

གཡུས་མི་ཚུ་གིས་ འདས་པའི་ལོ་ཚུ་ནང་ གཙང་ཆུ་བྲེས་མི་དེ་གིས་ གཞུང་ས་ཨེ་ཀར་༡༥ དེ་ཅིག་ འཕྱགས་བདའ་ཡོདཔ་བཞིན་དུ་ གཙང་ཆུ་དེ་ སྤྱི་ཟླ་༩ པ་ཚུན་ བྲེས་ནི་ཡོད་ཟེར་ བཤད་པའི་ཁར་ རྒེད་འོག་བདག་སྐྱོང་གིས་རྐྱབ་མི་ ཆུ་བྱག་དེ་ཡང་ མེདཔ་ཐལ་ནུག་ཟེར་ཨིན་པས།

ཁོང་གིས་འབད་བ་ཅིན་ གནམ་བྱཱར་གྱི་སྐབས་ གཙང་ཆུ་དེ་གིས་ ལོ་བསྟར་བཞིན་དུ་ ས་ཆ་ཚུ་ འཕྱག་བདའ་དོ་ཡོདཔ་བཞིན་དུ་ འཕྲལ་འཕྲལ་ཆརཔ་མ་རྐྱབ་རུང་ ཧང་སྟོང་མར་ བྲེས་ནི་འདུག་ཟེར་ཨིནམ་ད་ རྒེད་འོག་གིས་ གཙང་ཆུ་བདའ་སྟེ་ ཆུ་བྱག་རྐྱབ་པ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།

གླང་ཅན་ཕུག་རྒཔོ་ གུ་མཱན་སིང་གེ་ལཱལ་གྱིས་ སླབ་མིའི་ནང་ གཙང་ཆུ་བྲེས་མི་དེ་གིས་ གཡུས་མི་ཚུ་གི་ ས་ཆ་ཚུ་ འཕྱགས་འབག་མི་ལུ་བརྟེན་ རྒེད་འོག་བདག་སྐྱོང་གིས་ རྩིས་ལོ་༢༠༡༧ དང་༢༠༡༨ ལུ་ མི་ཊར་༨༠༠ དེ་ཅིག་འབད་མི་ གཙང་ཆུ་བདའ་སྟེ་ ཉེན་སྲུང་གི་ རྩིགཔ་རྐྱབ་ཅི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ད་ལྟོ་ རྒེད་འོག་བདག་སྐྱོང་གིས་ གཙང་ཆུ་ཕྱོགས་གཞན་ཁར་ ཁ་བསྒྱུར་གཏང་ནིའི་ལཱ་ཚུ་ འབད་དོ་ཡོད་རུང་ གཙང་ཆུ་བྲེས་པའི་སྐབས་ ས་ཆ་ཚུ་དེམ་ཅིག་ ཉེན་སྐྱོབ་འབད་མི་ཚུགས་པས་ཟེར་ཨིན་པས།

ད་ལྟོ་ བྱང་ས་གཙང་ཆུ་བདའ་སྟེ་ ཉེན་སྲུང་གི་ཆུ་བྱག་ མི་ཊར་༡༠༠ དེ་ཅིག་ལས་བརྒལ་ རྐྱབ་དགོཔ་མེད་རུང་ རྒེད་འོག་བདག་སྐྱོང་ལུ་ མ་དངུལ་མེདཔ་ལས་ རྫོང་ཁག་རྐྱེན་ངན་འཛིན་སྐྱོང་ལུ་ གྲོས་འཆར་བཙུགས་ཅི་ཟེར་ རྒཔོ་གུ་མཱན་སིང་གེ་ལཱལ་གིས་ བཤདཔ་ཨིན་པས།

གུ་མཱན་སིང་གེ་ལཱལ་གིས་ སླབ་མིའི་ནང་ རྫོང་ཁག་རྐྱེན་ངན་འཛིན་སྐྱོང་གིས་ བདེན་སྦྱོར་འབད་ཞིནམ་ལས་ ཐིམ་ཕུག་རྐྱེན་ངན་འཛིན་ལས་ཁུངས་ལུ་ བཏང་ཡོད་རུང་ ད་ལྟོ་ཚུན་ ག་ནི་ཡང་ འབད་ནི་མེདཔ་ལས་ ད་རུང་ རྫོང་ཁག་རྐྱེན་ངན་འཛིན་སྐྱོང་བརྒྱུད་དེ་ ཆུ་བྱག་རྐྱབ་ནིའི་ མ་དངུལ་གྱི་དོན་ལུ་ གྲོས་འཆར་བཙུགས་ནི་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། ཇོ་མོ་གཙང་ཁ།

About admin

Check Also

བསླབ་སྟོན་པ་གཞི་བཙུགས་ཐོག་ སྔོན་འགོག་གི་ཐབས་ལམ་བཏོན་དགོཔ།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཞུགས་སྐབས་ ཤེས་རིག་བློན་པོ་ ཇའེ་བིར་རའེ་གིས་ ཤེས་རིག་བཟའ་ཚང་དེ་ར་ སྦོམ་ཨིན་ནི་དེ་གིས་ བྱ་སྟབས་མ་བདེ་བའི་དཀའ་ངལ་དང་ གདོང་ལེན་ཐོན་རུང་ ན་གཞོན་ཚུ་ མ་འོངས་པའི་བདོག་གཏད་དང་ འགོ་ཁྲིདཔ་ཨིནམ་ལས་ སྔོན་འགོག་ཐབས་ལམ་དང་ ལཱ་ …

Leave a Reply

Your email address will not be published. Required fields are marked *