ཆུ་བྱ་ཕོཝ་དཀར་ཚུ་ ཉམས་སྲུང་འབད་ནི་ལུ་ ཐབས་ལམ་བཏོན་དགོཔ།

༉ འདས་པའི་ལོ་༥ འི་རིང་ ལོ་བསྟར་བཞིན་དུ་ ཆུ་བྱ་ཕོཝ་དཀར་གྱི་ བརྟག་ཞིབ་འབད་བའི་སྐབས་ ཆུ་བྱ་ཕོཝ་དཀར་༢༢ རྐྱངམ་གཅིག་ལས་བརྒལ་མེད་མི་དེ་ཡང་ དུས་ཅི་ལས་ གྱངས་ཁ་༥ གུ་ མར་བབས་སོང་ཡོདཔ་ལས་ འབྲུག་ལུ་ ཆུ་བྱ་ཕོཝ་དཀར་ཚུ་ ཉམས་ནིའི་གུ་ལྷོད་ནུག།

རབ་ཆད་ནིའི་ ཉེན་ཁ་ཡོད་མི་ བྱ་རིགས་དེ་ ངོ་མ་ར་ སྤུ་ན་གཙང་ཆུའི་མགུ་ལས་ ཕོ་ཆུ་དང་ མོ་ཆུ་ དེ་ལས་ ཨ་དག་གི་ས་གནས་ཚུ་ནང་ འཁྱམས་སྡོད་སར་ མཐོངམ་ཨིན་རུང་ ད་རེས་འབདཝ་ད་ གྱངས་ཁ་མར་བབས་སོང་ནི་དེ་གིས་ མཐོང་མི་ཚུགས་དོ་ཡོདཔ་ད་ རྒྱལ་ཁབ་ནང་ ཆུ་བྱ་ཕོཝ་དཀར་འཁྱམས་སའི་ ས་ཁོངས་ངོ་མ་དང་ རྙིང་ཤོས་དེ་ ཧ་ར་ཆུ་ལུ་ཨིན་མས།

འདས་པའི་ལོ་༡༩ འི་ནང་ ད་རེས་འགོ་དང་པ་ ཆུ་བྱ་ཕོཝ་དཀར་ཚུ་ ས་ཁོངས་དེ་ཚུའི་ནང་ མཐོང་གསལ་མ་འབྱུང་མི་དེ་ རྣམ་རྟོག་ལང་སི་སི་ཅིག་ཨིན་མས།

ཆུ་བྱ་ཕོཝ་དཀར་ཚུ་ གཙང་ཆུ་ཧིང་སངས་ས་ཚུ་ནང་ སྐྱེ་ལྡན་གནས་སྟངས་དང་མཐུནམ་སྦེ་ གཞན་གྱི་བར་དཀྲོགས་མེད་པར་ འཁྱམས་སྡོད་ནི་ལུ་ གདམ་ཁ་རྐྱབ་ཨིན་མས།

བརྟག་ཞིབ་འབད་མི་དང་འཁྲིལཝ་ད་ ཆུ་བྱ་ཕོཝ་དཀར་གྱི་གྱངས་ཁ་ མར་བབས་འགྱོ་དགོ་པའི་ གནད་དོན་གཙོ་བོ་ར་ བཟོ་སྐྲུན་གོང་འཕེལ་དང་ སོ་ནམ་རྒྱ་སྐྱེད་ གློག་མེ་ལས་འགུལ་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ཨིནམ་ད་ མཁས་མཆོག་ཚུ་གིས་འབད་བ་ཅིན་ རབ་ཆད་ནིའི་ ཉེན་ཁ་ལུ་ཐུག་སྟེ་ཡོད་མི་ བྱ་རིགས་དེ་ རིགས་སྤེལ་མཐར་འཁྱོལ་འབྱུང་མ་ཚུགས་པའི་ཁར་ ཤི་རྐྱེན་མང་སུ་བྱུང་སྟེ་ ཉེན་ཁ་ཅན་གྱི་ གནས་སྟངས་ནང་འདུག་ཟེར་ སླབ་ཨིན་མས།

མ་གཞི་ ཆུ་བྱ་ཕོཝ་དཀར་ཚུ་ འཁྱམས་སྡོད་སའི་ ལུང་གཤོང་ཚུ་ནང་ བར་དཀྲོགས་ལས་རིམ་ཚུ་ ལེ་ཤ་ཅིག་ར་ ཐོན་དོ་ཡོད་པའི་སྐོར་ལས་ རང་བཞིན་གནས་སྟངས་ ཉམས་སྲུང་འབད་མི་ཚུ་གིས་ ཚ་གྱང་ཡོད་ལུགས་ཀྱི་ གནད་དོན་ཚུ་ གསལ་བཤད་འབད་རུང་ ཚུལ་མཐུན་ངོས་ལེན་འབད་མི་ཅིག་ ག་ཡང་མེད་མི་ལུ་བརྟེན་ ད་རེས་ འདི་བཟུམ་མའི་ གནས་སྟངས་གུ་ ཐུགཔ་ཨིན་མས།

གཙང་ཆུའི་མཐའམ་བདའ་སྟེ་ སོ་ནམ་ཞིང་ལམ་བསལ་ནི་དང་ འགྲོ་བ་མིའི་ལས་སྣ་ཚུ་ བྱ་འཁྱམས་སའི་ ཉེ་འདབས་ས་ཁོངས་ཚུ་ནང་ ཚུལ་བཞིན་འགོ་འདྲེན་འཐབ་དགོཔ་འདུག།

ཁྲིམས་དང་སྲིད་བྱུས་ཚུ་ སྒྲིང་སྒྲི་སྦེ་ཡོད་རུང་ མི་སྡེ་ཚུ་ལས་ རྒྱབ་སྐྱོར་མེད་པའི་ཁར་ ཁྲིམས་བསྟར་སྤྱོད་འབད་མི་ཡང་མེདཔ་ད་ བྱ་རིགས་དེ་ སྤྱི་ལོ་༡༩༧༥ ལུ་ མི་དབང་འབྲུག་རྒྱལ་༤ པ་མཆོག་གིས་ འགོ་དང་པ་ ངོས་འཛིན་གནང་ཡོདཔ་ད་ རྒྱལ་གཞུང་རང་བཞིན་སྲུང་སྐྱོབ་ཚོགས་སྡེ་གིས་ ཉམས་སྲུང་གི་ ལས་སྣ་ཚུ་ འགོ་བཙུགས་དགོ་པའི་ བཀའ་རྒྱ་མ་གནང་ཚུན་ འབད་ཐབས་ཅིག་ ག་ནི་ཡང་ མ་བྱུངམ་ཨིན་མས།

ད་ལྟོ་ཚུན་ ཕྱུག་གུ་འཚའ་སའི་ ཚང་༢ མཐར་འཁྱོལ་ཅན་སྦེ་ བདག་འཛིན་འཐབ་ཚུགས་ཏེ་ཡོད་རུང་ རྒྱ་ཆེ་དྲགས་སྦེ་ མེདཔ་ཨིན་མས།

ཤུལ་མའི་ལོ་༢༠ ནང་ ཆུ་བྱ་ཕོཝ་དཀར་ཚུ་ ཉམས་སྲུང་འབད་དགོ་པ་ཅིན་ རྒྱལ་གཞུང་རང་བཞིན་སྲུང་སྐྱོབ་ཚོགས་སྡེ་ལུ་ ལོ་བསྟར་བཞིན་དུ་ མ་དངུལ་ ཡུ་ཨེསི་ཌོ་ལར་༡༥༠,༠༠༠ དགོས་མཁོ་ཡོད་མི་དེ་ བསྒྲུབ་ཚུགས་པ་ཅིན་རྐྱངམ་གཅིག་ དམིགས་གཏད་འགྲུབ་ཚུགས་ནི་ཨིན་མས།

ཨིན་རུང་ འདི་བཟུམ་མའི་ འཆར་དངུལ་འབོར་ཆེ་དྲགས་དེ་ འཚོལ་སྒྲུབ་འབད་ནི་ལུ་ ལཱ་ཁག་ཡོདཔ་ལས་ ཐབས་ལམ་ངོ་མ་དེ་ར་ བྱ་འཁྱམས་སྡོད་སའི་ ས་ཁོངས་ཚུ་ ས་མཚམས་བཀལ་ཞིནམ་ལས་ གོང་འཕེལ་གྱི་ལས་སྣ་ཚུ་ བཀག་འཛིན་འབད་ཚུགས་པ་ཅིན་ ཡུན་མ་རིངམོ་ཅིག་ལས་ ལྟ་བཤལཔ་དང་ ནང་འཁོད་ཀྱི་མི་ཚུ་ བྱ་བལྟ་བར་འོངམ་ད་ ཁེ་ཕན་འབྱུང་ཚུགས།

གལ་སྲིད་ ཐབས་ལམ་བཏོན་ནི་ཚུ་ ཕྱིས་སོ་པ་ཅིན་ གྲུབ་འབྲས་བཏོན་ཚུགས་པར་ ལཱ་ཁག་འོང་།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *