རབ་ཆད་ནིའི་ཉེན་ཁ་ཡོད་མི་ ཆུ་བྱ་ཕོཝ་དཀར།

ཆུ་བྱ་ཕོཝ་དཀར་དང་ ཁྲུང་ཁྲུང་སྐེ་ནག་ཚུ་གི་དོན་ལུ་ ཆུ་ཞིང་དང་ གཙང་ཆུ་ཚུ་ ཁག་ཆེ་ཏོག་ཏོ་ཨིནམ།

༉ འཛམ་གླིང་ནང་ རབ་ཆད་ནིའི་ཉེན་ཁ་ཡོད་མི་ ཆུ་བྱ་ཕོཝ་དཀར་དང་ ཁྲུང་ཁྲུང་སྐེ་ནག་ཚུ་གི་དོན་ལུ་ འབྲུག་པའི་ཆུ་ཞིང་དང་ གཙང་ཆུ་ཚུ་ ཁག་ཆེ་ཏོག་ཏོ་ཨིན་པས།
དེ་ཡང་ རྒྱལ་འཛིན་རང་བཞིན་སྲུང་སྐྱོབ་ཚོགས་སྡེ་དང་འཁྲིལ་བ་ཅིན་ གནམ་དགུན་ཨ་རྟག་ར་ ཁྲུང་ཁྲུང་སྐེ་ནག་༦༠༠ ལྷགཔ་ཅིག་ འབྲུག་ལུ་ འོང་དོ་ཡོདཔ་ད་ འཛམ་གླིང་ནང་ ཆུ་བྱ་ཕོཝ་དཀར་༦༠ ཡོད་ས་ལས་༢༥ འབྲུག་ལུ་ཡོད་པའི་ ཐོ་བཀོད་ཡོདཔ་ཨིན་པས།
ཆུ་ཞིང་ཚུ་ཡང་ འདམ་རྫབ་ཅན་དང་ རང་བཞིན་གྱི་འདམ་ས་ དེ་བཟུམ་སྦེ་ མི་གིས་བཟོ་ཡོད་པའི་འདམ་ས་ཚུ་ཨིནམ་ད་ འདམ་ས་ཡང་ ཚྭ་ཡོད་པའི་འདམ་རྫབ་ཨིན་པའི་ཁར་ མི་ཊར་༦ མ་ལངམ་ཅིག་དགོཔ་ཨིན་པས།
འབྲུག་ལུ་ ས་ཁ་མཐོ་ས་མི་ཊར་༣༥༠༠ ལུ་ཡོད་པའི་ རང་བཞིན་གྱི་འདམ་རྫབ་ཚུ་ སྐྱེ་ལྡན་གནས་སྟངས་རིམ་ལུགས་ཚུ་ འཁྱམས་སྡོད་སའི་ ས་ཁོངས་ངོ་མ་ཨིན་པས།
རྒྱལ་འཛིན་རང་བཞིན་སྲུང་སྐྱོབ་ཚོགས་སྡེའི་ ལས་འགུལ་གཙོ་འཛིན་འོགམ་ འཇིགས་མེད་ཚེ་རིང་གིས་ སླབ་མིའི་ནང་ འདམ་རྫབ་དེ་ རང་བཞིན་གནས་སྟངས་ལུ་ ཁག་ཆེ་ཏོག་ཏོ་ཅིག་ཨིན་ཟེར་ཨིནམ་ད་ དེ་གིས་ གནམ་གཤིས་འགྱུར་བགྲོད་དང་ ས་རུད་ཆད་ནི་ལ་སོགས་པ་ཚུ་ལུ་ ཕན་ཐོགས་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འདམ་རྫབ་དེ་ ས་གཞི་ལུ་ དཔེ་འབད་བ་ཅིན་ གཟུགས་ནང་ཡོད་པའི་ མཁལ་རྡོག་བཟུམ་ཅིག་ཨིནམ་ལས་ དེ་གིས་ ཆུའི་བཙོག་གྲིབ་ལེགས་བཅོས་འབད་བའི་ཁར་ མི་དང་སེམས་ཅན་ཚུ་ལུ་ བཟའ་འཐུང་བྱིན་མི་ སྔོ་ཚལ་ཅིག་ཨིན་ཟེར་ཨིན་པས།
བྱ་ཁྲུང་ཁྲུང་ཚུ་གིས་ སོ་ནམ་ཞིང་ནང་ཡོད་པའི་ ལོ་ཐོག་གི་སོན་དང་ ཉ་ དེ་ལས་ སྔོ་ཤིང་གི་སྒལ་ཚིགས་ཚུ་ བཟའ་དོ་ཡོདཔ་ད་ འཇིགས་མེད་ཚེ་རིང་འབད་བ་ཅིན་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ སྲོག་ཆགས་ཚུ་ འཁྱམས་ས་དང་ ས་གཞི་མེདཔ་ཐལ་མི་ དེ་ལས་ ཁྲོམ་ཚོགས་ཆགས་མི་ཚུ་ནང་ འཁྱམས་སྡོད་ནིའི་ལུ་ དཀའ་ངལ་འདུག་ཟེར་ཨིནམ་ད་ གོང་འཕེལ་གྱི་ལས་སྣ་ཚུ་ལུ་བརྟེན་ ཆུ་བྱ་ཕོཝ་དཀར་ཚུ་ ཆུའི་མཐའམ་བདའ་སྟེ་ རེ་གཉིས་རྐྱངམ་གཅིག་འདུག་ཟེར་ཨིན་པས།
འདས་པའི་ལོ་༡༧ ནང་ ཆུ་བྱ་ཕོཝ་དཀར་ཆུང་ཀུ་༨༠ ཡོད་པའི་ཐོ་བཀོད་ཡོདཔ་ད་ འཛམ་གླིང་ག་ཏེ་ཡང་ ཐོ་བཀོད་འབད་དེ་མེདཔ་མ་ཚད་ སྤུ་ན་གཙང་ཆུའི་ མཐའམ་བདའ་སྟེ་ འཁྱམས་སྡོད་མི་ཡང་ མར་བབས་སོང་ནུག་ཟེར་ཨིན་པས།
ཞིབ་འཚོལ་འགོ་དཔོན་ ཨིན་ད་ར་ཨ་ཅར་ཇ་གིས་ སླབ་མིའི་ནང་ ང་བཅས་ག་ར་ ཆུ་ལུ་བརྟེན་སྡོད་དོ་ཡོད་པའི་ཁར་ མི་སྡེའི་དཔལ་འབྱོར་ཡང་ ཆུ་ལུ་བརྟེན་ གོང་འཕེལ་འགྱོ་དོ་ཡོདཔ་ཨིན་རུང་ ཆུ་དེ་ སྲོག་ཆགས་ཀྱི་རིགས་ཚུ་ལུ་ཡང་ ཁག་ཆེ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སྲོག་ཆགས་ཉམས་སྲུང་འབད་ནིའི་དོན་ལུ་ མི་ལུ་གོ་བརྡ་དང་ ལྟ་རྟོག་འབད་ནི་ དེ་ལས་ རིགས་རྒྱུད་སྤེལ་ནི་དང་ གསོ་སྐྱོང་འབད་ནིའི་ ཐབས་ཤེས་ཚུ་བཏོན་དོ་ཟེར་ཨིནམ་ད་ ཆུ་བྱ་ཕོཝ་དཀར་གྱི་དོན་ལུ་ གཙང་ཆུ་སྦོམ་ཚུ་ མེདཔ་འགྱོ་དོ་ཟེར་ཨིན་པས།
ཨིན་ད་ར་ཨ་ཅར་ཇ་དང་འཁྲིལ་བ་ཅིན་ ཆུ་བྱ་ཕོཝ་དཀར་ལ་ལོ་ཅིག་ ཤི་རྐྱེན་བྱུངམ་མ་ཚད་ ཉ་རིགས་ལ་ལོ་ཅིག་ཡང་ མར་ཉམས་འགྱོ་དེས་ཟེར་ཨིན་པས།
འཛམ་གླིང་རི་དྭགས་སྲུང་སྐྱོབ་མ་དངུལ་གྱི་ རྒྱབ་སྐྱོར་ལུ་བརྟེན་ ཨོ་རྒྱན་དབང་ཕྱུག་ཉམས་སྲུང་དང་རང་བཞིན་ཞིབ་འཚོལ་སྤེལ་ཁང་གིས་ འདམ་རྫབ་སྐོར་ལས་ སྤྱི་ལོ་༢༠༡༦ ལུ་ ཞིབ་འཚོལ་ཅིག་འབད་ཡོདཔ་ད་ ཞིབ་འཚོལ་དང་འཁྲིལ་བ་ཅིན་ ལམ་ལུགས་དང་མ་འཁྲིལ་བར་ ལྟ་བཤལཔ་བཙུགས་མི་དང་ རྩྭ་འབྲོག་ག་ལྷོད་བྱིན་ཏེ་ འདམ་རྫབ་མེདཔ་ཐལ་མི་ དེ་ལས་ གནམ་གཤིས་གནས་སྟངས་ལུ་བརྟེན་ སྲོག་ཆགས་ཚུ་ མར་ཉམས་སོང་ནུག་ཟེར་ཨིན་པས།
རྒྱལ་ཁབ་ནང་ འདམ་རྫབ་བརྒྱ་ཆ་༥༢ ལྷགཔ་ཅིག་ གྲང་མེད་ཆུ་དང་ མང་སྡེ་ཆུ་ དེ་ལས་ ལྕམ་མཁར་ཆུའི་མཐའམ་བདའ་སྟེ་ཡོདཔ་ད་ དེའི་སྐོར་ལས་ འཕྲལ་ཁམས་ཅིག་ཁར་ འགོ་འདྲེན་འཐབ་མི་ མའུ་ཊེན་ཨི་ཀོ་ཟེར་མི་ འགྲེམ་སྟོན་ལས་རིམ་ནང་ འཇིགས་མེད་ཚེ་རིང་དང་ ཨིན་ད་ར་ཨ་ཅར་ཇ་གིས་ གསལ་བཤད་འབད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ གནས་བརྟན་རྡོ་རྗེ།

 

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *