ཆུ་བར་ཆུ་དང་ ཕན་སྟོད་ཁ་གཡུས་ཚན་ ཚོས་གཞི་དམརཔོ་སྦེ་ངོས་འཛིན།

ཐིམ་ཕུག་ཆུ་བར་ཆུ་དང་ སྤུ་ན་ཁ་སྟོད་པའི་ས་རྒེད་འོག་ ཕན་སྟོད་ཁ་གཡུས་ཚན་ལས་ ཀོ་བིཌ་-༡༩ ཐོབ་ཡོད་པའི་ཁར་ ནད་འབུབ་ཐོབ་ནིའི་ ཉེན་ཁ་ཆེ་སུ་ཡོདཔ་ལས་ ས་ཁོངས་དེ་༢ ཚོས་གཞི་དམརཔོ་སྦེ་ གསལ་བསྒྲགས་འབད་མི་ལུ་བརྟེན་ ས་ཁོངས་དེ་ལས་ ཕྱི་ནང་འགྲོ་འགྲུལ་འབད་ནི་ཚུ་ བཀག་དམ་སྒྲིང་སྒྲི་འབད་ནི་ཨིན་པས།

དེ་ཡང་ ཁ་ཙ་ གསོ་བ་བློན་པོ་ བདེ་ཆེན་དབང་མོ་གིས་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱི་ རྒྱང་མཐོང་ནང་ ཐིམ་ཕུག་ལུ་ འགྲོ་འགྲུལ་བཀག་དམ་འབད་ཡོད་པའི་སྐོར་ དུས་མཐུན་སྙན་ཞུ་ཕུལ་བའི་སྐབས་བཤད་ཅི།

བློན་པོ་གིས་ བཤད་མིའི་ནང་ རྒྱལ་ཡོངས་ཀོ་བིཌ-༡༩ ལས་བྱེད་ཚོགས་ཆུང་དང་ ཞལ་འཛོམས་འབད་ཐོག་ལས་ ས་ཁོངས་དེ་གཉིས་ ཚོས་གཞི་དམརཔོ་སྦེ་ ངོས་འཛིན་འབད་ཡོདཔ་བཞིན་དུ་ བདུན་ཕྲག་༡ གི་ཤུལ་ལས་ ས་ཁོངས་ཀྱི་ མི་སེར་ཚུ་ ད་རུང་ བརྟག་དཔྱད་འབད་འོང་ཟེར་ཨིན་པས།

ཚོས་གཞི་དམརཔོ་གི་ ས་ཁོངས་ནང་ ནམ་བརྟག་དཔྱད་འབད་ནི་ཨིན་ན་ ལས་རིམ་ཚུ་ བཟོ་སྟེ་ཡོདཔ་ད་ གལ་སྲིད་ ནད་འབུབ་དེ་ མེདཔ་ཐོན་སོང་པ་ཅིན་ གསོ་བའི་སྒྲིག་གཞི་ཚུ་ ལག་ལེན་འཐབ་འོང་ཟེར་ གསོ་བ་བློན་པོ་གིས་ བཤད་ཅི།

ཐིམ་ཕུག་གི་ མི་སྡེ་ནང་ ཨམ་སྲུ་ཅིག་ལུ་ ཀོ་བིཌ་-༡༩ ཐོབ་པའི་ཤུལ་ལས་ སྤྱི་ཟླ་༡༢ པའི་ཚེས་༡༩ འི་ནང་འཁོད་ལུ་ ཆུ་བར་ཆུའི་ས་ཁོངས་ལས་ མི་༡,༠༠༠ དེ་ཅིག་ལུ་ བརྟག་དཔྱད་འབད་བའི་སྐབས་ མི་༡༥ དེ་ཅིག་ལུ་ ནད་འབུབ་ཐོབ་ཡོདཔ་སྦེ་ བདའ་ཟུན་ནུག།

ནད་འབུབ་ཐོབ་མི་ཚུ་གི་གྲས་ལས་ ཨམ་སྲུ་༨ དང་ ཕོ་སྐྱེས་༧ ཡོདཔ་ད་ འགོ་དང་པ་ ནད་འབུབ་ཐོབ་མི་དང་ ཐད་ཀར་དུ་ འབྲེལ་བ་འཐབ་མི་ འབྲུག་བརྒྱུད་འཕྲིན་ཡིག་ཚང་གི་ ས་ཁོངས་ནང་ མི་༢༦༩ ལུ་ བརྟག་དཔྱད་འབདཝ་ད་ མི་༤ ལུ་ ཀོ་བིཌ་-༡༩ ཐོབ་ཡོདཔ་སྦེ་ མངོན་གསལ་བྱུང་ནུག།

སློབ་ཕྲུག་ཚུ་ཡང་ ནད་འབུབ་ཐོབ་མི་དང་ འབྲེལ་བ་ཡོདཔ་སྦེ་ ཤེས་རྟོགས་བྱུང་ཡོདཔ་ལས་ སློབ་ཕྲུག་༡༦༩ ལུ་ བརྟག་དཔྱད་འབདཝ་ད་ ཕུད་རྡོག་གཅིག་ལུ་ཡང་ ནད་འབུབ་མེད་པའི་ གྲུབ་འབྲས་ཐོན་ནུག།

དེ་བཟུམ་སྦེ་ འགོ་དང་པ་ ནད་འབུབ་ཐོབ་མི་ཨམ་སྲུ་དང་ འབྲེལ་བ་འཐབ་མི་ སྤུ་ན་ཁ་ལུ་ མི་༣༧ ལུ་ ནད་འབུབ་ཐོབ་ཡོད་མེད་ཀྱི་ བརྟག་དཔྱད་འབད་བའི་སྐབས་ མི་༢ ལུ་ ནད་འབུབ་ཐོབ་ཡོད་པའི་ ངོས་འཛིན་བྱུང་མི་ཚུ་ཡང་ ཨམ་སྲུ་དེ་གི་ སྤུན་ཆ་ཚུ་ཨིན་པས།

གསོ་བ་བློན་པོ་གིས་ བཤད་མིའི་ནང་ ཆུ་བར་ཆུ་ལས་ མི་༡༥ ལུ་ ཀོ་བིཌ་-༡༩ ཐོབ་མིའི་གྲས་ལས་༡༣ དེ་ འགོ་དང་པ་ ནད་འབུབ་ཐོབ་མི་གི་ བཟའ་ཚང་ནང་ལས་ཨིན་པའི་ཁར་ མི་༢ བརྒྱ་འཁོར་སོ་ནམ་ཚོང་ཁྲོམ་ལས་ ཨིན་མས་ཟེར་ཨིན་པས།

ནད་འབུབ་ཐོབ་མི་༢༠ དང་ ཐད་ཀར་དུ་ འབྲེལ་བ་འཐབ་མི་ཚུ་ ཁ་ཙ་ཕྱི་རུ་ཚུན་ འཚོལ་ཞིབ་འབད་བའི་སྐབས་ མི་༨༠༠ དེ་ཅིག་ ཡོད་མི་ཚུ་ཡང་ དར་དཀར་ནང་དང་ ཧཱ་ སྤུ་ན་ཁ་ དབང་འདུས་ བསམ་རྩེ་ གསར་སྤང་ ཐིམ་ཕུག་ ཀྲོང་གསར་ལས་ཕར་ ལྷོད་སོ་ནུག་ཟེར་ཨིནམ་ད་ ཁོང་ཆ་ཁྱབ་ཡང་ ནངས་པ་ལས་ བརྟག་དཔྱད་འབད་ནི་ འགོ་བཙུགས་འོང་ཟེར་ གསོ་བ་བློན་པོ་གིས་ བཤད་ཅི།

མོ་གིས་འབད་བ་ཅིན་ ད་རེས་ ནད་འབུབ་ཐོན་སའི་ ས་ཁོངས་དེ་ ཐིམ་ཁྲོམ་ལྟེ་བ་ནང་ཡོདཔ་ལས་ མི་ཚུ་ཕར་ཚུར་འགྱོ་མི་འབདཝ་ད་ ནད་འབུབ་འཐོབ་ནིའི་ ཉེན་ཁ་ཡོད་པའི་ཁར་ ནད་འབུབ་དེ་ ས་ཁོངས་ཐདམ་ཐད་ར་ལས་ མ་སྤེལ་ག་ཟེར་ ཚ་གྱང་ལང་སྟེ་ཡོད་ཟེར་ཨིན་པས།

དེ་འབདཝ་ལས་ མི་ག་ར་གིས་ ག་དེ་དྲག་དྲག་ ཁ་རས་ལག་ལེན་འཐབ་དགོཔ་མ་ཚད་ མི་འཛོགས་འདུ་རུག་རུ་མ་འབད་བར་ ཁྱིམ་ནང་སྡོད་པ་ཅིན ནད་འབུབ་དེ་ སྤེལ་ནི་ལས་ བཀག་ནི་ལུ་ ལྷན་ཐབས་འབད་ཚུགས་ཟེར་ཨིན་པས།

སྤྱི་ཟླ་༡༢ པའི་ཚེས་༧ ལས་ ཐིམ་ཕུག་ལས་ ས་ཁོངས་གཞན་ཁར་ འགྱོ་མི་ཚུ་ཡང་ རང་སོའི་རྫོང་ཁག་གི་ ཚ་རིམས་བརྟག་དཔྱད་ལྟེ་བ་ཚུ་ནང་ ནད་འབུབ་ཐོབ་ཡོད་མེད་ཀྱི་ བརྟག་དཔྱད་འབད་དོ་ཡོདཔ་ཨིན་པས།

སྤྱི་ཟླ་༡༢ པའི་ཚེས་༧ ལས་ ད་ཚུན་ མི་༣༨,༠༠༠ དེ་ཅིག་ ཐིམ་ཕུག་ལས་ ས་ཁོངས་གཞན་ཚུ་ནང་ འགྲུལ་སྐྱོད་འབད་ཡོདཔ་ད་ གལ་སྲིད་ མི་ངོམ་ཚུ་ལུ་ བརྟག་དཔྱད་འབད་བའི་སྐབས་ ནད་འབུབ་མེདཔ་སྦེ་ མངོན་གསལ་བྱུང་པ་ཅིན་ ནད་གཞི་དེ་ ས་གོ་གཞན་ཁར་ མ་སྤེལ་བས་ཟེར་ བློ་སྟོབས་བསྐྱེད་ཚུགས་ནི་མས་ཟེར་ གསོ་བ་བློན་པོ་གིས་ བཤད་ཅི།

ནད་འབུབ་ཐོབ་མི་༢༠ གི་ བཟའ་ཚང་དང་ ཐད་ཀར་དུ་ འབྲེལ་བ་འཐབ་མི་ ཁ་ཙ་ ཕྱི་རུ་ལས་ བརྟག་དཔྱད་འབད་ནི་ འགོ་བཙུགས་ཡོདཔ་ད་ ཆུ་བར་ཆུའི་ ས་ཁོངས་ནང་ ནད་གཞི་ཐོབ་མི་ མངམ་ཡོད་མི་ལུ་ ཉེན་ཁ་ཡོདཔ་ལས་ ཚོས་གཞི་དམརཔ་སྦེ་ ངོས་འཛིན་འབད་ཡི་ཟེར་ཨིན་པས།

ད་ལས་ཕར་ ཉེན་ཁ་དང་འཁྲིལ་ཏེ་ ས་ཁོངས་ཚུ་ ངོས་འཛིན་འབད་འོང་ཟེར་ གསོ་བ་བློན་པོ་གིས་ བཤད་པའི་ཁར་ ད་རེས་ ནད་འབུབ་ཐོབ་མི་ཚུ་གི་ བརྟག་དཔྱད་གྲུབ་འབྲས་ཚུ་ བལྟ་བའི་སྐབས་ མང་ཤོས་ར་ ཐོབ་པའི་བསྒང་ཨིན་མས་ཟེར་ བཤད་ཅི།

འགྲུལ་སྐྱོད་བཀག་དམ་དེ་ ལེགས་ཤོམ་སྦེ་ ལག་ལེན་འཐབ་སྟེ་ ཚ་རིམས་ཀྱི་ རྟགས་མཚན་རེ་ཐོནམ་ད་ བརྟག་དཔྱད་འབད་བར་ འགྱོ་བ་ཅིན་ ནད་འབུབ་དེ་ མགྱོགས་དྲགས་སྦེ་ བདའ་ཟུན་ཚུགས་ནི་མས་ཟེར་ཨིན་པས།

སྤུ་ན་ཁ་ལུ་ ནད་འབུབ་ཐོབ་མི་དེ་ཡང་ ཐིམ་ལས་ སོང་མི་གིས་ སྤེལ་ཡོདཔ་བཞིན་དུ་ ད་རེས་ རང་སོའི་ཁྱིམ་ནང་ ལོ་མཆོད་སྲོལ་ནིའི་ དུས་ཚོད་ཨིནམ་ལས་ ག་ཨིན་རུང་ དེ་ཚུ་ནང་ འགྱོ་ནི་ལས་ འཛེམ་གནང་ཟེར་ གསོལ་འདེབས་ཞུཝ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *