ཆུ་དཔྱད་དང་གནམ་གཤིས་རིག་པ་དང་འཁྲིལཝ་ད་ དུས་ཅི་ ཆརཔ་ཚད་ལྡན་ཅིག་རྐྱབ་ནི།

༉ རྒྱལ་ཡོངས་ཆུ་དཔྱད་དང་གནམ་གཤིས་རིག་པའི་ལྟེ་བ་གིས་ སྔོན་བཤད་འབད་མི་དང་ རྩིས་ཀྱི་ལུགས་ལས་འབད་རུང་ དུས་ཅི་གནམ་བྱཱར་ལུ་ ཆར་ཆུ་ཚད་ལྡན་ཅིག་ རྐྱབ་ནི་ཨིན་པས།

དེ་ཡང་ ཁ་ཙ་ ལྟེ་བ་གིས་ ཐིམ་ཕུག་ལུ་སྦེ་ འབྲེལ་བ་ཡོད་པའི་ ཡིག་ཚང་ཚུ་དང་གཅིག་ཁར་ གནམ་གཤིས་ཀྱི་ སྔོན་བཤད་འབད་མི་དང་འཁྲིལཝ་ད་ ཆར་ཆུ་དྲག་མ་དྲག་པའི་ཁར་ ཉུང་ཡང་མ་ཉུངམ་ཅིག་སྦེ་ རྐྱབ་ནི་མས་ཟེར་ཨིན་པས།

ལྟེ་བ་གིས་ སྔོན་བཤད་འབད་མི་དེ་ཡང་ ཨེ་ཤི་ཡ་ལུང་ཕྱོགས་རྒྱལ་ཁབ་༩ དང་གཅིག་ཁར་ གྲོས་འཛོམས་འབད་བའི་ཤུལ་ལས་ ལུང་ཕྱོགས་དེ་ནང་གི་ གནམ་གཤིས་གནས་སྟངས་ཚུ་ལུ་ བསྐྱར་ཞིབ་འབད་བའི་ཤུལ་ལས་ འབད་ཡོདཔ་ད་ དེ་ཚུ་ག་ར་ རྒྱལ་ཁབ་ཚུ་ནང་ ཆར་ཆུ་དང་འབྲེལ་བའི་ ཅ་ཆས་ལག་ལེན་འཐབ་ཐོག་ལས་བཏོན་པའི་ སྙན་ཞུ་བསྡུ་སྒྲིག་འབད་མི་དང་འཁྲིལ་ཨིན་པས།

ཆུ་དང་གནམ་གཤིས་ཞབས་ཏོག་ལས་ཁུངས་ཀྱི་ བཟོ་རིག་འགོ་དཔོན་ མོན་ཇུ་ སུ་བཱ་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༧ ལོའི་གནམ་གཤིས་དེ་ཡང་ ཚད་ལྡན་ཅིག་རྐྱབ་ནིའི་ ཚོད་དཔག་འབད་ཡི་ཟེར་ཨིན་པའི་ཁར་ གནམ་བྱཱར་དེ་ཡང་ སྤྱི་ཟླ་༦ པ་ལས་༩ པ་ཚུན་ རྩིས་དོ་ཡོདཔ་ཨིན་པས།

ལྟེ་བའི་མདོ་ཆེན་ ཀརྨ་གྲུབ་ཆུ་གིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ མི་སེར་བརྒྱ་ཆ་༧༠ དེ་ཅིག་ སོ་ནམ་གྱི་ལཱ་ལུ་བརྟེན་སྡོད་པའི་ཁར་ མང་ཤོས་ར་ གཙང་ཆུའི་མཐའམ་བདའ་སྟེ་ སྡོད་མི་ཡོད་ཟེར་ཨིན་པས།

མདོ་ཆེན་གྱིས་སླབ་མིའི་ནང་ ད་ལྟོའི་སྔོན་བཤད་འབད་མི་དེ་ལུ་ བསྒྱུར་བཅོས་དུམ་གྲ་རེ་ འོང་སྲིད་ནི་ཨིན་རུང་ མ་འོངས་པའི་ནང་ གནམ་གཤིས་དང་འབྲེལ་བའི་ སྙན་ཞུ་ཚུ་ དུས་མཐུན་སྦེ་ བསྡུ་སྒྲིག་འབད་ནིའི་དོན་ལུ་ རྒྱ་གར་གཞུང་དང་གཅིག་ཁར་ཡང་ གནས་སྡུད་ཚུ་ བརྗེ་སོར་འབད་ནིའི་སྐོར་ལས་ ལོ་རྒྱུས་སླབ་སྟེ་ཡོདཔ་ལས་ འཕྲལ་མགྱོགས་ར་ རྒྱ་གར་གྱི་ས་གནས་ གོ་ཧ་ཊི་ལུ་ ལྟེ་བའི་འགོ་དཔོན་ཚུ་ འགྱོ་འོང་ཟེར་ཨིན་པས།

སྔོན་བཤད་དེ་ཡང་ རྒྱ་མཚོའི་ཚ་དྲོད་དང་ འབྲུག་གི་ཆར་ཆུའི་ གནས་སྡུད་བསྡུ་སྒྲིག་འབད་ཡོད་མི་དང་འཁྲིལ་ འབད་ཡོདཔ་ཨིན་པས།

སྤྱི་ལོ་༢༠༡༧ ལུ་འབད་བ་ཅིན་ ཆརཔ་གི་ཚད་གཞི་དེ་ སྤྱིར་སྙོམས་མི་ལི་མི་ཊར་༡༩༡༦.༢༩ རྐྱབ་ཡོད་པའི་ཁར་ ལུང་ཕྱོགས་རྒྱལ་ཁབ་ཚུ་དང་ཕྱདཔ་ད་ འབྲུག་རྒྱལ་ཁབ་ནང་ ཆརཔ་དུམ་གྲ་ཅིག་ མང་སུ་རྐྱབ་ཡོདཔ་ཨིན་པས།

ན་ཧིང་ལོ་ནང་ དུས་ཡུན་ཆུ་ཚོད་༢༤ གི་ནང་འཁོད་ལུ་ ཆརཔ་མཐོ་ཤོས་ར་ ཕུན་ཚོགས་གླིང་ལུ་ མི་ལི་ལི་ཊར་༢༨༥.༤ རྐྱབ་ཡོདཔ་ད་ མགར་ས་ལུ་ ལོ་དེ་ནང་ ཞག་གྲངས་༢༡༧ གྱི་རིང་ ཆརཔ་རྐྱབ་མི་དེ་ མཐོ་ཤོས་ཨིན་རུང་ ཆརཔ་གི་ཚད་གཞི་དེ་ མི་ལི་ལི་ཊར་༠.༡ དེ་ཅིག་གི་རྩིས་ རྐྱབ་ཡོདཔ་ཨིན་པས།

ཨིན་རུང་ ཆརཔ་མཐོ་ཤོས་ར་ གསར་སྤང་ལུ་རྐྱབ་ཡོད་པའི་ཁར་ དེའི་ཤུལ་ལས་ བསམ་རྩེ་དང་ ཕུན་ཚོགས་གླིང་ དེ་ལས་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ཚུ་ནང་ རྐྱབ་ཡོདཔ་ཨིན་པས།

ཚ་དྲོད་ཀྱི་ཐད་ཁར་འབད་བ་ཅིན་ མཐོ་ཤོས་ར་ སྟག་མོ་ཆུ་ལུ་ ཌིག་གི་རི་ སེལ་ཤི་ཡཱསི་.༥ འབད་མི་དེ་ མཐོ་ཤོས་ཨིན་པའི་ཁར་ ཉུང་ཤོས་དེ་ ཧཱ་ལུ་ ཌིག་གི་རི་ སེལ་ཤི་ཡཱསི་ མའི་ནསི་༡༡ ཨིན་པའི་ཁར་ ཧཱ་རྫོང་ཁག་གིས་ ཞག་གྲངས་༡༢༩ གི་རིང་ གྱང་ཚད་མའི་ནསཱི་གི་འོག་ལུ་ སྡོད་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ སྤང་རི་ཟམ་པ་ རྩིས་གཞུང་སློབ་གྲྭའི་ དབུ་འཛིན་འོགམ་གིས་ སླབ་མིའི་ནང་ དུས་ཅི་ གནམ་བྱཱར་གྱི་དུས་ཚོད་ནང་ ཆརཔ་རན་ཏོག་ཏོ་སྦེ་ རྐྱབ་ནི་ཨིན་པའི་ཁར་ རླུང་འཚུབས་ཐད་ཁར་ ཤུགས་ཆེ་སུ་སྦེ་ འཕུ་ནི་མས་ཟེར་ཨིན་པས།

ཁོ་གིས་བཤད་མིའི་ནང་ འཛམ་གླིང་ནང་ འཕྲུལ་རིག་གི་གོང་འཕེལ་འགྱོཝ་ད་ གནམ་གཤིས་ཀྱི་གནས་སྟངས་དེ་ཡང་ འགྱུར་བཅོས་འགྱོཝ་མས་ཟེར་ཨིན་པའི་ཁར་ ཟླཝ་འདི་ནང་ ཆརཔ་འབྲིང་ཙམ་རྐྱབ་ནི་ཨིན་རུང་ རླུང་གི་འཇིགས་པ་ མང་སུ་འོང་ནི་མས་ཟེར་ཨིན་པས།

ཁོ་གིས་ བཅའ་མར་གཏོགས་མི་ཚུ་ལུ་ རྩིས་ཀྱི་ལུགས་ལས་ གནམ་གཤིས་ཀྱི་སྔོན་བཤད་ཚུ་ ག་དེ་སྦེ་ འབད་ནི་ཡོདཔ་ཨིན་ནའི་སྐོར་ལས་ ག་ར་བཤད་པ་རྐྱབ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

རྩི་རང་གི་ ས་གནས་གཞུང་གི་བཙག་འཐུའི་ནང ཁས་བླངས་གཙོ་བོ་ ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ རྩི་རང་སྟོད་ཀྱི་ ས་གནས་གཞུང་གི་འདེམས་ངོ་སྦེ་ གདམ་འཐུ་གྲུབ་མི་༡༡ ཡོདཔ་བཞིན་དུ་ ག་རང་གིས་ ཆུའི་དཀའ་ངལ་བསལ་ནི་ལུ་ གཙོ་རིམ་བཟུང་ཡོདཔ་མ་ཚད་ ཞིང་ཆུ་ལངམ་སྦེ་ མཁོ་སྤྲོད་འབད་ནི་ཨིན་པས། ཨིན་རུང་ ཚོགས་རྒྱན་བཙུགས་མི་ཚུ་གིས་འབད་བ་ཅིན་ ཧེ་མ་ཡང་ འདེམས་ངོ་ཚུ་ བཙག་འཐུ་གྲུབ་ཞིནམ་ལས་ …

Leave a Reply

Your email address will not be published. Required fields are marked *