ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མཉམ་འབྲེལ་ཚོགས་པའི་ མཁས་མཆོག་ཚུ་གི་ ཞལ་འཛོམས་འཚོགས་པའི་བསྒང་།

ཆུ་དང་ ནུས་ཤུགས་ དེ་ལས་ བཞེས་སྒོ་འཛིན་སྐྱོང་འཐབ་ནི་ལུ་ མཉམ་འབྲེལ་ཐབས་ལམ།

༉ ལོ་ངོ་དག་པ་ཅིག་གི་ ཧེ་མ་འབད་བ་ཅིན་ ད་རེས་ ཨ་རི་ཡ་ཟ་ཁང་ཡོད་སའི་ ཨོ་ལ་ཁ་གི་ས་ཁོངས་དེ་ ཆུ་ཞིང་དགའ་ཏོག་ཏོ་ཅིག་སྦེ་ སྡོད་ཡོདཔ་ཨིན་རུང་ ད་རེས་ སྒྲིང་ཁྱིམ་ཚུ་གིས་གང་ཡོདཔ་མ་ཚད་ རང་བཞིན་གྱི་ཐོན་སྐྱེད་ འཐུང་ཆུ་ཡང་ ལང་མ་ཚུགས་པའི་ དཀའ་ངལ་བྱུང་སྟེ་ འདུག་ཟེར་ཨིན་པས།
དེ་མ་ཚད་ རོང་ཆུ་ཡོད་ཚད་གཅིགཔོ་ འཐུང་ཆུའི་དོན་ལུ་ ལག་ལེན་འཐབ་དོ་ཡོདཔ་ལས་ སོ་ནམ་པ་ཚུ་ལུ་ ཞིང་ཆུ་མ་ལང་པའི་ དཀའ་ངལ་ཡང་བྱུང་སྟེ་ ཡོད་ཟེར་ཨིན་པས།
གནས་སྟངས་དེ་ལུ་བརྟེན་ མཐའན་མཇུག་ལུ་ རྒྱལ་ཁབ་ནང་ བཟའ་འཐུང་གི་ཉེན་སྲུང་ལུ་ གནོདཔ་ཨིན་མས་ཟེར་ ཁ་ཙ་ ཐིམ་ཕུག་ལུ་སྦེ་ ཉིན་གྲངས་༣ གྱི་རིང་འཚོགས་མི་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མཉམ་འབྲེལ་ཚོགས་པའི་ མཁས་མཆོག་ཚུ་གི་ ཞལ་འཛོམས་ཉིནམ་མཇུག་ལུ་ རྩི་རང་ དཀྱིལ་འཁོར་ཐང་-མནྜལ་སྒང་ལས་ རྒྱལ་ཡོངས་ཚོགས་འདུའི་འཐུས་མི་ ཡོ་གེཤི་ ཏ་མང་གིས་བཤད་ཅི།
ཞལ་འཛོམས་དེ་ ཆུ་དང་ ནུས་ཤུགས་ དེ་ལས་ བཟའ་འཐུང་བར་ནའི་འབྲེལ་བ་ཟེར་མིའི་གུ་ གཞི་བཞག་སྟེ་ཨིནམ་ད་ ཡོ་གེཤི་ཏ་མང་གིས་ དེ་སྦེ་ སླབ་དགོ་མི་དེ་ཡང་ ཆུ་དང་ ནུས་ཤུགས་ དེ་ལས་ བཟའ་འཐུང་གསུམ་ཆ་ར་ གཅིག་གིས་གཅིག་ལུ་ ག་དེ་སྦེ་ བརྟེན་དགོཔ་ཨིན་ནའི་ དཔེ་བཟུམ་ཅིག་སྦེ་ཨིན་པས།
ཁོ་གིས་ བཅའ་མར་གཏོགས་མི་ཚུ་ལུ་ གོ་བརྡ་སྤྲོད་མིའི་ནང་ མ་གཞི་འབྲུག་གིས་ ཆུ་དང་ ནུས་ཤུགས་ དེ་ལས་ བཟའ་འཐུང་གྱི་རིགས་གསུམ་ གནས་སྟངས་ལེགས་ལྡན་ཐོག་ བཞག་ནིའི་དོན་ལུ་ ཐབས་ལམ་ཚུ་ཡང་ ལེ་ཤ་ཅིག་ར་ བཏོན་དོ་ཡོདཔ་ཨིན་རུང་ དེ་གི་དོན་ལུ་དགོ་པའི་ ཐབས་བྱུས་ཚུ་ ཚང་འགྲིགས་སྦེ་ བཀོད་མ་ཚུགས་པར་ ལུས་ཏེ་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ འབྲུག་ལུ་ ཆུ་ལུ་བརྟེན་པའི་ གློག་ཤུགས་ཀྱི་མཐུན་རྐྱེན་ཡོད་རུང་ དུས་དང་བསྟུན་ གནམ་དགུན་ལུ་ གློག་ཤུགས་ལང་མ་ཚུགས་པར་ རྒྱ་གར་རྒྱལ་ཁབ་ནང་ལས་ ཉོ་དགོཔ་ཐོནམ་ཨིན་ཟེར་ཨིན་པས།
ད་ལས་ཕར་ ཆུ་དང་ ནུས་ཤུགས་ དེ་ལས་ བཟའ་འཐུང་གསུམ་ལས་ ག་ཅི་ཡར་རྒྱས་གཏང་ནིའི་ འཆར་གཞི་བརྩམ་རུང་ འ་ནི་གསུམ་ཆ་རའི་དོན་ལུ་དམིགས་ཏེ་ ལཱ་མ་འབད་བ་ཅིན་ ཟད་འགྲོ་ཚུ་ འཕྲོ་བརླག་འགྱོ་ནི་མས་ཟེར་ཨིན་པས།
པཱ་ཀིསི་ཏཱན་ལས་ བཅའ་མར་གཏོགས་མི་ བ་མི་མཱ་ཧཱཌི་གིས་ སླབ་མིའི་ནང་ མ་གཞི་ ང་བཅས་ཀྱིས་ སླབ་པའི་སྐབས་ལུ་ ཆུ་དང་ ནུས་ཤུགས་ དེ་ལས་ བཞེས་སྒོ་ཟེར་ སོ་སོར་སྦེ་སླབ་ཨིན་རུང་ དོན་མཐར་ཐུག་ལུ་ གནད་དོན་གཅིག་ར་ ཨིན་ཟེར་ཨིན་པས།
ཁོ་གི་ རྒྱལ་ཁབ་བཟུམ་ཅིག་ནང་འབད་བ་ཅིན་ ཆུ་དང་ རླུང་མ་ལུ་བརྟེན་པའི་ གློག་ཤུགས་ཐོན་སྐྱེད་འབད་ཚུགས་པའི་ འོས་འབབ་སྦོམ་སྦེ་ར་ ཡོདཔ་ཨིན་རུང་ ས་མཚམས་དང་འབྲེལ་བའི་ བྱ་སྟབས་མ་བདེཝ་ཡོད་མི་ཚུ་ལུ་བརྟེན་ འབད་མ་ཚུགས་པར་ ལུས་ཏེ་ཡོད་ཟེར་ཨིན་པས།
མ་གཞི་ གནད་དོན་དེ་གི་དོན་ལུ་ སཱག་ལུང་ཕྱོགས་ཀྱིས་ འགན་ཁག་གཙོ་བོ་འབག་སྟེ་ འབད་ནི་ཨིན་རུང་ མི་སེར་ཚུ་གིས་ རང་སོའི་རྒྱལ་ཁབ་ཀྱི་ སྲིད་བྱུས་མ་འདྲཝ་ཚུ་དང་འཁྲིལ་ ལཱ་འབད་དགོཔ་ ཁག་ཆེ་ཟེར་ཨིན་པས།
ཚན་རིག་མཁས་མཆོག་ སུ་ནིལ་ཀུ་མར་ ཨམ་བཱསིཊི་གིས་ སླབ་མིའི་ནང་ ཉི་དྲོད་ལུ་བརྟེན་ ས་ཁར་ལས་ རླངམ་ཐོན་ནི་དང་ ལོག་ཆརཔ་སྦེ་རྐྱབ་ནི་ དེ་ལས་ དེ་གིས་སྦེ་ ལོ་ཐོག་སྐྱེ་ནི་ལུ་ ཕན་ཐོགས་བྱུང་ཚུལ་ཚུ་ ལེགས་ཤོམ་སྦེ་ ག་ར་གིས་ཤེསཔ་བཞིན་དུ་ དེ་གསུམ་གྱི་ འབྲེལ་བ་ཨིན་ཟེར་ཨིན་པས།
དེ་འབད་ནི་འདི་གིས་ ང་བཅས་ཆ་ཁྱབ་ ད་རིས་འཛོམས་མི་དེ་ གནད་དོན་འདི་གི་སྐོར་ལས་མེནམ་ལས་ ད་ལས་ཕར་ ལུང་ཕྱོགས་ཀྱི་ འཐུས་མི་རྒྱལ་ཁབ་ག་ར་གིས་ དེ་ཚུ་ ཡུན་བརྟན་ཐོག་ འཛིན་སྐྱོང་ག་དེ་སྦེ་ འཐབ་ནི་ཨིན་ནའི་ ཐབས་ལམ་གྱི་སྐོར་ལས་ གྲོས་བསྡུར་འབད་བར་ ཨིན་ཟེར་ཨིན་པས།
དེ་དང་འཁྲིལ་ དེ་ཚུ་ ད་ལས་ཕར་ ཕན་ཐོགས་ཅན་སྦེ་ ག་དེ་སྦེ་ ལག་ལེན་འཐབ་ནི་ཨིན་ན་ལུ་ གྲོས་བསྡུར་འབད་དགོཔ་ ཡོད་ཟེར་ཨིན་པས།
ཁ་ཙ་ ཞལ་འཛོམས་ནང་ གྲལ་གཏོགས་འབད་མི་ སྤུ་ན་ཁ་ དཀར་སྦྱིས་-རྟ་ལོག་གི་འཐུས་མི་ རྡོ་ཕུག་འབྲུག་པ་གིས་ སླབ་མིའི་ནང་ འབྲུག་ལུ་ ཆུ་འབོལ་དྲགས་དང་ ཡང་ཅིན་ མ་ལང་པའི་དཀའ་ངལ་ཚུ་ བྱུང་བཞིན་དུ་ཡོདཔ་མ་ཚད་ ཁེྱགས་མཚོ་རྦད་མི་དང་ ས་རུད་ཐོན་པའི་ དཀའ་ངལ་ཚུ་ཡང་ སྦོམ་སྦེ་ར་ཡོད་ཟེར་ཨིན་པས།
ཨིན་རུང་ རྐྱེན་ངན་ཚུ་ མར་ཕབ་དང་ ཟློག་ཐབས་འབད་ནིའི་ལཱ་ཚུ་ འབད་བཞིན་དུ་ ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ བཅའ་མར་གཏོགས་མི་ གཞན་ཚུ་གིས་ཡང་ ད་ལས་ཕར་ ལུང་ཕྱོགས་ཀྱི་ འཐུས་མི་རྒྱལ་ཁབ་ཚུ་གིས་ མཉམ་འབྲེལ་ཐོག་ལས་ སྤྱི་མཐུན་ཐབས་ལམ་བཏོན་དགོཔ་དེ་ ཁག་ཆེ་ཟེར་སླབ་ཅི།
རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་༢ ཀྱིས་ གྲལ་གཏོགས་འབད་མི་དེ་ཡང་ ཡོ་གེཤི་ ཏ་མང་དེ་ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་དང་ རྡོ་ཕུག་འབྲུག་པ་དེ་ རང་བཞིན་གནས་སྟངས་ཚོགས་ཆུང་གི་ ཁྲི་འཛིན་འབད་མི་ལུ་བརྟེན་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༣ ལས་༥ ཚུན་འགོ་འདྲེན་འཐབ་མི་ ཞལ་འཛོམས་དེ་ སཱག་ལུང་ཕྱོགས་ཀྱི་ ཡིག་ཚང་ཚུ་དང་ འབྲུག་གི་ སོ་ནམ་དང་ ནགས་ཚལ་ལྷན་ཁག་གིས་ འགོ་འདྲེན་འཐབ་ཡོདཔ་ད་ ཁ་ཙ་ མཇུག་བསྡུའི་སྐབས་ སོ་ནམ་ལྷན་ཁག་གི་དྲུང་ཆེན་ རིག་འཛིན་རྡོ་རྗེ་གིས་ཡང་ གྲལ་གཏོགས་འབད་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོ་པའི་རྒྱབ་ཁུངས་དང་ དྲིན་ལན་འཇལ་ནིའི་ཐབས་ལམ།

༉ རང་ཟླ་༩ པའི་ཚེས་༢༢ ལུ་ ལྷ་བབས་དུས་ཆེན་གྱི་ཉིནམ་འདི་ དྲིན་ཅན་ཕ་མའི་ཉིནམ་སྦེ་ བརྩི་སྲུང་ཞུཝ་ཨིན།  དེ་སྦེ་བརྩི་སྲུང་འབད་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོཔ་ ཁག་ཆེཝ་ཨིནམ་ ཤེས་ནིའི་དོན་ལུ་ཨིན། ཕམ་ཚུ་ལུ་ དྲིན་ལན་འཇལ་དགོ་པའི་ཁུངས་ …

Leave a Reply

Your email address will not be published. Required fields are marked *