ཆུ་གཡུར་ལམ་ལུགས་ ལེགས་ཤོམ་མེདཔ་མིན་པར་ བདག་མེད་ལུ་བརྟེན་ཨིནམ།

༉ ཀུན་གསལ་ཐོན་རིམ་ སྤྱི་ཚེས་༧/༠༦/༢༠༡༨ ཅན་མའི་གདོང་ཤོག་ནང་ ཆརཔ་ཤུགས་རྐྱབ་པའི་སྐབས་ ཨོ་ལ་ཁའི་ས་གནས་ནང་ ཆུ་ལུད་འོང་སྟེ་ འཁོར་ལམ་བདའ་སྟེ་ རྒྱུན་འགྲུལ་འཐབ་མི་དང་ སྣུམ་འཁོར་བཏང་མི་ རྐང་ཐང་སྦེ་ འགྱོ་མི་ཚུ་ལུ་ དཀའ་ངལ་བྱུང་མི་དེ་ ཆུ་གཡུར་ལམ་ལུགས་ ལེགས་ཤོམ་མེད་ནི་དེ་གིས་ཨིན་པའི་གནས་ཚུལ་ཟེར་བཀོད་ནུག།
དེ་གི་ཐད་ལུ་ ཉམ་ཆུང་རང་གི་བསམ་འཆར་ལས་འབད་བ་ཅིན་ ཆུ་གཡུར་ལམ་ལུགས་ ལེགས་ཤོམ་མེད་ནི་དེ་གིས་མེན་པར་ འགྲོ་བ་མིའི་བདག་མེད་དང་ སྣང་མེད་ འགན་ཁུར་གྱི་ འདུ་ཤེས་མེད་ནི་དེ་གིས་ཨིན་པས་ཟེར་ཞུ་ནི། དེ་ཡང་ སྤྱིར་གྱིས་གཞུང་དང་ ལྷག་ནཔར་དུ་ ཁྲོམ་སྡེ་བདག་སྐྱོང་དང་ འཛིན་སྐྱོང་ཐོག་ མི་སྡེའི་དུས་རྒྱུན་གྱི་ ཕན་བདེའི་དོན་ལུ་ ཕྱག་ལཱ་མཛད་མི་ ཁྲོམ་སྡེའི་ཁ་ཐུག་ལས་ འཁོར་ལམ་དང་ ཆུ་གཡུར་ཚུ་ མ་བཏུབ་བཏུབ་སྦེ་ བཟོ་དང་བཟོ་བཞིན་དུ་འདུག་ཟེར་ཞུ་ནི།
ཨིན་རུང་ ང་བཅས་མི་སྡེའི་ཁ་ཐུག་ལས་ རང་སོའི་སྡོད་སའི་ ས་ཁོངས་ཚུ་ནང་ འཁོར་ལམ་དང་ ཆུ་གཡུར་ཚུ་ བདག་འཛིན་མ་འབད་བར་ སྣང་མེད་ཐོག་བཞག་ནི་དེ་གིས་ མཐའ་ཟུར་དང་ གྱི་ཁུག་ཚུ་ནང་ཡོད་པའི་ ཆུ་གཡུར་ཆུང་ཀུ་ཚུ་ནང་བསགས་སྡོད་མི་ ཕྱགས་སྙིགས་རག་རོ་ཚུ་ ཆརཔ་ཤུགས་སྦེ་ རྐྱབ་པའི་སྐབས་ གློ་བུར་བྲེས་ཆུ་གིས་ ཕྱགས་བདའ་འོང་བའི་བསྒང་ལས་ གཞུང་ལམ་བདའ་ཡོད་མི་ ཆུ་གཡུར་ཚུ་བསུབས་ཏེ་ ལམ་བདའ་ཆུ་ལུད་དེ་འོངམ་ཨིན་པས།
སྒྲིང་ཁྱིམ་སོ་སོའི་ནང་སྡོད་མི་ཚུ་ རང་སོའི་སྡོད་ཁྱིམ་དང་ སྒྲིང་ཁྱིམ་གྱི་ མཐའ་འཁོར་བདའ་སྟེ་ ཆུ་གཡུར་ནང་ དོག་མའི་ཤོག་གུ་དང་ ཁ་ཟས་ཝའི་ཝའི་གི་པགས་ཀོ་ བསིལ་ཆུའི་གྱིབ་དམ་ཚུ་ སེམས་ཀྱིས་ཚོར་ཏེ་ མི་ཁུངས་རེ་རེ་བཞིན་དུ་གིས་ འགན་ཁུར་འབག་སྟེ་ འཐུ་ཞིནམ་ལས་ དབྱེ་ཁག་སོ་སོར་སྦེ་ ཧོད་ནང་བླུགས་བཞག་པ་ཅིན་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་མི་ཚུ་ལུ་ཡང་ ཕྱགས་སྙིགས་སོ་སོར་ ཕྱི་སེལ་རྐྱབ་མ་དགོ་པའི་ ཕན་ཐོགས་དང་ རང་སོའི་ཁང་ཁྱིམ་གྱི་ མཐའ་འཁོར་ལུ་ཡང་ ཧིང་སངས་ས་དང་ ཆུ་གཡུར་ཚུ་ཡང་ ཐོགས་ཆགས་མེད་པར་ ཆུ་འགྱོ་བཏུབ་སྦེ་ བཞག་ཚུགས་ནི་མས།
དཔེར་ན་ ཨོ་ལོ་ཁ་ སྣུམ་འཁོར་བཅོ་ཁང་དང་ སྣུམ་འཁོར་ཆུ་འཁྱུ་སའི་ ས་ཁོངས་ལས་ཕར་ འགྱོ་ལྟཝ་ད་ སྣུམ་འཁོར་འཁྱུ་ས་ ག་ཏེ་ཨིན་རུང་འདྲ་ ཆུ་གཡུར་ཚུ་ མ་བཏུབ་བཏུབ་སྦེ་ ཐོག་ཁ་ལས་ ལྕགས་ཀྱི་དྲྭ་མིག་བཙུགས་ཏེ་བཟོ་ཡོདཔ་ ག་ར་གིས་མཐོང་སར་ཨིན།
དེ་འབདཝ་ད་ སྣུམ་འཁོར་འཁྱུ་སའི་ ས་གོ་དེ་གི་ ཆུ་གཡུར་ཚུ་ནང་ དོག་མའི་ཤོག་གུ་དང་ ཁ་ཟས་སྤུར་ཤོག་ ཝའི་ཝའི་གི་ཤོག་གུ་ དེ་ལས་ བསིལ་ཆུའི་གྱིབ་དམ་ཚུ་ དྲྭ་མིག་ནང་ཚུད་དེ་ ཡར་ལོག་མ་ཚུགས་ མར་འགྱོ་མ་ཚུགས་པར་ འཆམ་རྐྱབ་སྡོད་སར་མཐོང་རུང་ དེ་ཁའི་སྣུམ་འཁོར་འཁྱུ་མི་དང་ འཁྱུ་ཁང་གི་ཇོ་བདག་ ག་གིས་ཡང་ དེ་ལུ་ སྣང་བདག་ར་མ་བསྐྱེད་པར་ རང་གི་དུས་རྒྱུན་ཉེར་སྤྱོད་འབད་སའི་ ས་གོ་རང་མེནམ་བཟུམ་སྦེ་ བསུབས་བསུབ་ས་ར་ བཞག་སར་མཐོང་མི་དེ་ སེམས་ཕམ་གྱི་ གཞི་ཅིག་ཨིནམ་མ་ཚད་ དེ་གི་འགན་ཁུར་ཚུ་ ག་ལུ་ཕོགཔ་ཨིན་ན་ཟེར་བའི་ ཚོར་སྣང་ཡང་བྱུང་དོ་ཡོདཔ་ལས་ སྨྲ་ཤེས་དོན་གོ་བ་ མིའི་མཚན་ཉིད་ཙམ་ཡང་ མ་ཚངམ་བཟུམ་སྦེ་མཐོང་མས་ཟེར་ཞུ་ནི།
དེ་འབད་ནི་དེ་གིས་ ཟད་འགྲོ་རྒྱ་ཆེ་ས་ལས་བཏང་སྟེ་ རང་ལུ་ཉིན་བསྟར་གྱི་ ཉེར་སྤྱོད་དང་ མཐུན་རྐྱེན་ཚུ་ མ་བཏུབ་བཏུབ་སྦེ་ བཟོ་བྱིན་མི་ འབྲེལ་ཡོད་དབང་འཛིན་དང་ གཞུང་རྐྱངམ་གཅིག་ལུ་ ཁ་གཏང་སྡོད་ནི་མེན་པར་ རང་གི་ཁོངས་ལས་ཡང་ སྤྱི་ཕན་གྱི་དོན་ལུ་ སེམས་ཀྱིས་ཚོར་ཏེ་ འགན་ཁུར་འབག་ཞིནམ་ལས་ རྒྱ་ཆེཝ་སྦེ་ འབད་མ་ཚུགས་རུང་ ཐ་ན་ རང་སྡོད་སའི་ས་ཁོངས་ཀྱི་ འཁོར་ལམ་དང་ ཆུ་གཡུར་ཙམ་ ཕྱགས་བདར་རྐྱབ་སྟེ་ ཧིང་སངས་སྦེ་ བཞག་པ་ཅིན་ ཆོས་ལྡན་རྒྱལ་ཁབ་ནང་སྐྱེ་བ་ཐོབ་མི་ འབྲུག་མི་ཚུ་གིས་ དམ་པའི་ཆོས་ལོགས་སུ་སྦེ་ སྒྲུབ་དགོཔ་མིན་འདུག་ཟེར་ ཞུ་ནི་ཨིན།

ཀརྨ་བསྟན་འཛིན།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *