ཚོགས་རྒྱན་བཙུགས་པར་འོང་མི་ སྐྱབས་ཆ་རྒེད་འོག་གི་ ཨམ་སྲུ་ཚུ།

ཆུ་ཁ་རྫོང་ཁག་ནང་ གདམ་ངོ་༦ གིས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ དོ་འགྲན་འབད་ནི།

༉ ཆུ་ཁ་རྫོང་ཁག་ནང་ རྒེད་འོག་༡༡ ཡོད་པའི་གྲས་ལས་ འདེམས་ངོ་༦ གིས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ དོ་འགྲན་འབད་ནི་ཨིན་པས།
ཕུན་ཚོགས་གླིང་རྒེད་འོག་ གཡུས་དབང་འདུས་དགའ་ཚལ་ལམ་ ར་མི་ཊི་གཡུས་ཚན་ལས་ བརྡ་དོན་འཕྲུལ་རིག་གི་ ཚོང་འབྲེལ་འཐབ་སྡོད་མི་ སྐྱེས་ལོ་༣༢ ལང་མི་ ཧེམ་ཀུ་མར་ གཱ་ལེགས་ཀྱིས་ ཚོགས་རྒྱན་དགོ་༢༦༥ དང་ མི་དགོ་༤༩ ཐོབ་སྟེ་ གདམ་འཐུ་གྲུབ་ནུག།
ལོག་ཅི་ནང་དང་ དགེ་གླིང་རྒེད་འོག་ནང་ དང་འདོད་ཅན་གྱི་ འདེམས་ངོ་རེ་ ཐོན་ཏེ་ཡོདཔ་བཞིན་དུ་ ཁོང་༢ ཀྱིས་ དགོ་ཟེར་མི་ ཚོགས་རྒྱན་མང་ཤོས་ཐོབ་སྟེ་ གདམ་འཐུ་གྲུབ་ཡོདཔ་ཨིན་པས།
དེ་ཡང་ ལོག་ཅི་ནང་རྒེད་འོག་ལས་ སྐྱེས་ལོ་༣༢ ལང་མི་ དམ་ཆོས་རྒྱལ་མཚན་གྱིས་ ཚོགས་རྒྱན་དགོ་༢༡༧ དང་ མི་དགོ་༡༢༧ ཐོབ་སྟེ་ གདམ་འཐུ་གྲུབ་ཡོདཔ་བཞིན་དུ་ འདེམས་ངོ་སྦེ་ མ་ཐོན་པའི་ཧེ་མར་ ཁོ་གིས་ གཞི་རྟེན་ཤེས་ཡོན་གྱི་ སློབ་སྟོན་པ་སྦེ་སྡོད་ནུག།
སྤྱི་ཟླ་༢ པའི་ཚེས་༢༨ ལུ་ དགེ་གླིང་རྒེད་འོག་ནང་ གདམ་ངོའི་འཛོམས་འདུ་ འགོ་འདྲེན་འཐབ་པའི་སྐབས་ སྐྱེས་ལོ་༣༣ ལང་མི་ ཀུན་ལེགས་རྡོ་རྗེ་གིས་ ཚོགས་རྒྱན་དགོ་༡༩༦ ཐོབ་སྟེ་ གདམ་འཐུ་གྲུབ་ཡོདཔ་ད་ ཁོ་ལུ་ ཀྲོང་གསར་ སྐད་ཡིག་དང་ལམ་སྲོལ་མཐོ་རིམ་སློབ་གྲྭ་ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་ཡོདཔ་ཨིན་པས།
ཆུ་ཁ་རྫོང་ཁག་ལས་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ དོ་འགྲན་འབད་མི་ ཨམ་སྲུ་གཅིག་ལས་བརྒལ་མེད་མི་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་བགྲེསཔ་ སྐྱེས་ལོ་༣༧ ལང་མི་ ཚེ་དབང་ལྷ་མོ་གིས་ བྱག་ཕྱོགས་རྒེད་འོག་ལས་ ཚོགས་རྒྱན་དགོ་༡༦༥ དང་ མི་དགོ་༡༨ ཐོབ་སྟེ་ གདམ་འཐུ་གྲུབ་ནུག།
གདམ་ངོའི་འཛོམས་འདུ་སྐབས་ ཚོགས་རྒྱན་བཙུགས་པར་ འོང་མིའི་ཐད་ཁར་ སྦོང་སྒོ་དང་ སྐྱབས་ཆ་རྒེད་འོག་ནང་ མངམ་འོང་ཡོདཔ་བཞིན་དུ་ སྦོང་སྒོ་རྒེད་འོག་ནང་ འདེམས་ངོ་༣ གྱི་དོན་ལུ་ ཚོགས་རྒྱན་བཙུགས་མི་༡,༣༠༡ ཡོདཔ་ད་ དེ་བསྒང་ སྐྱེས་ལོ་༣༧ ལང་མི་ སློབ་གྲྭའི་དབུ་འཛིན་བགྲེསཔ་ སངས་རྒྱས་རྡོ་རྗེ་གིས་ ཚོགས་རྒྱན་༧༦༢ ཐོབ་སྟེ་ གདམ་འཐུ་གྲུབ་ཡོདཔ་ཨིན་པས།
དོ་འགྲན་པ་གཞན་ སྐྱེས་ལོ་༢༩ ལང་མི་ ཚེ་རིང་བློ་གྲོས་ཀྱིས་ ཚོགས་རྒྱན་༢༨༤ དང་ སྤེན་པ་གིས་ ཚོགས་རྒྱན་༢༥༥ ཐོབ་སྟེ་ གདམ་འཐུ་གྲུབ་མ་ཚུགསཔ་ད་ སྦོང་སྒོ་རྒེད་འོག་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༤,༠༠༠ དེ་ཅིག་ ཡོདཔ་ཨིན་པས།
སྐྱབས་ཆ་རྒེད་འོག་ནང་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ དང་འདོད་ཅན་གྱི་འདེམས་ངོ་༢ ཐོན་ཡོདཔ་ད་ ད་ལྟོའི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ པདྨ་བསྟན་འཛིན་གྱིས་ ཚོགས་རྒྱན་༤༡༩ ཐོབ་སྟེ་ གདམ་འཐུ་གྲུབ་ཡོདཔ་ཨིན་པས།
ཨིན་རུང་ གདེམས་ངོ་གཞན་ སྐྱེས་ལོ་༢༨ ལང་མི་ སངས་རྒྱས་བསྟན་འཛིན་གྱིས་ ཚོགས་རྒྱན་༢༡༢ ལས་བརྒལ་ཐོབ་མ་ཚུགས་པས།
དུང་ནག་རྒེད་འོག་དང་ གད་ལྟག་ནང་ སྨད་ལྟག་ཁ་ བསམ་འཕེལ་གླིང་ ཕུན་ཚོགས་གླིང་ཁྲོམ་ དེ་ལས་ དར་ལ་རྒེད་འོག་ཚུ་ནང་ལས་ འདེམས་ངོ་ཐོན་མི་མེདཔ་ད་ ཆུ་ཁ་རྫོང་ཁག་ནང་ གདམ་ངོའི་འཛོམས་འདུ་དེ་ཡང་ སྤྱི་ཟླ་༢ པའི་ཚེས་༢༦ ལས་ འགོ་བཙུགས་ཏེ་ སྤྱི་ཟླ་༣ པའི་ཚེས་༥ ལུ་ མཇུག་བསྡུ་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *