༉ ཆུ་ཁ་དང་ འདམ་ཆུ་བར་ནའི་ ཕྲང་ལམ་དེ་ མཇུག་བསྡུ་དགོ་པའི་ཞག་དུས་ ཚར་༤ འབྱིད་སོང་པའི་ཤུལ་ལུ་ ད་རེས་མི་ཊར་༩༠༠ འབད་མི་ བྱག་གི་སྐེདཔ་བཏོགས་ཏེ་ ཕྲག་ལམ་གྱི་ཕྱོགས་གཉིས་ མཐུད་སྦྲེལ་འབད་ ཚར་ཡོདཔ་ཨིན་པས།
ཁ་ཙ་ ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་ ས་ཁོངས་དེ་ནང་ ལྟ་སྐོར་འབད་བའི་སྐབས་ ཌཱན་ཊཱག་ལས་འགུལ་གྱི་ འགོ་དཔོན་ཚུ་གིས་ ཕྲང་ལམ་བདའ་སྟེ་ སྣུམ་འཁོར་ནང་སྦེ་ བྱག་གི་སྐེདཔ་བཏོགས་ཏེ་ ལམ་སེལ་སའི་ ས་ཁོངས་ཚུ་ བཏོན་ཡོདཔ་ཨིན་པས།
མ་གཞི་ ཁ་ཙ་ ཕྲང་ལམ་དེ་ གཞུང་འབྲེལ་ཐོག་ འགོ་འབྱེད་འབད་འབདཝ་མེན་རུང་ ད་ལྟོ་ཚུན་ཚོད་ བྱག་དེ་གུ་ལས་ཕར་ ལམ་སེལ་ཚར་ཡོདཔ་བཞིན་དུ་ ལམ་གྱི་ཐད་ཁར་ ག་ར་མཐུད་སྦེལ་འབད་ཚརཝ་ཨིན་ཟེར་ ཌཱན་ཊཱག་ལས་འགུལ་གྱི་གཙོ་འཛིན་ པི་ཀེ་ཇི་ མིཤི་ར་གིས་ བཤདཔ་ཨིན་པས།
ཁོ་གིས་ ཞབས་ཏོག་བློན་པོ་ལུ་ ཞུ་མིའི་ནང་ ད་ལས་ཕར་ ལམ་མཐུད་སྦྲེལ་གྱི་ ལཱ་མཇུག་བསྡུ་ཡོད་རུང་ ཌཱན་ཊཱག་གི་བཀོད་དཔོན་ ཨེན་ཅའུ་ད་རི་གིས་ ད་ལས་ཕར་ ལེགས་བཅོས་ཀྱི་ལཱ་ དུམ་གྲ་རེ་ འབད་དགོཔ་ཡོད་མི་ཚུ་ འབད་བཞིན་དུ་ར་ ཡོད་ཟེར་བཤད་ནུག།
ཨིན་རུང་ ཕྲང་ལམ་དེ་གི་དོན་ལུ་ ཁག་ཆེ་དྲགས་ཨིན་མི་ ཟམ་སྦོམ་༣ ཡོད་ས་ལས་༢ རྐྱབ་དགོཔ་ཡོདཔ་ཨིན་པས།
དེ་ཡང་ མི་ཊར་༧༥ འབད་མི་ བྱང་ཐང་ལུངམ་ཆུ་གི་ཟམ་དེ རྐྱབ་པའི་བསྒང་ཡོདཔ་བཞིན་དུ་ བརྒྱ་ཆ་༧༠ དེ་ཅིག་ མཇུག་བསྡུ་ཡོདཔ་ད་ ཟམ་དེ་ དུས་ཅི་ སྤྱི་ཟླ་༡༡ པའི་ནང་ མཇུག་བསྡུ་འོང་ཟེར་ ཌཱན་ཊཱག་གི་ འགོ་དཔོན་ཚུ་གིས་ བཤད་ཅི།
དེ་བཟུམ་སྦེ་ མི་ཊར་༡༤༥ འབད་མི་ རྟ་གནག་ལུངམ་ཆུ་གི་ཟམ་དེ་ ད་ལྟོ་ བརྒྱ་ཆ་༤༠ དེ་ཅིག་མ་གཏོགས་ མཇུག་མ་བསྡུ་བར་ཡོདཔ་ལས་ དུས་ཚོད་ཧ་ལམ་ཅིག་ འགོར་ནི་ཨིན་རུང་ སྤྱི་ལོ་༢༠༡༨ ཟླ་༦ པའི་ནང་ མཇུག་བསྡུ་ནི་ཨིན་པས།
པི་ཀེ་ཇི་ མིཤ་ར་གིས་ བློན་པོ་ལུ་ ཞུ་མིའི་ནང་ ཟམ་གྱི་ཉེ་འདབས་ལུ་ ས་རུད་ཁག་དག་པ་ཅིག་ར་ ཆད་ཡོད་མི་ལུ་བརྟེན་ དུས་ཡུན་རིངམོ་སྦེ་ར་ འགོར་སོ་ཡི་ཟེར་ཨིནམ་ད་ གལ་སྲིད་ ཟམ་དེ་ཚུ་ མཇུག་བསྡུ་བ་ཅིན་ ཕྲང་ལམ་དེ་ ཧེ་མ་ལས་ར་ མཇུག་བསྡུ་དཔ་འོང་ཟེར་ཨིན་པས།
ཞབས་ཏོག་ལྷན་ཁག་གི་དྲུང་ཆེན་ ཕུན་ཚོགས་དབང་འདུས་ཀྱིས་ སླབ་མིའི་ནང་ ད་རེས་ ཆུ་ཁ་མཇུག་གི་ ལམ་གྱི་གཞི་འགྱམ་ བཏོགས་ཚར་ཡོདཔ་ལས་ ད་ལས་ཕར་ ལམ་རྒྱ་བསྐྱེད་དང་ ཆུ་གཡུར་བཟོ་ནི་ དེ་ལས་ རྩི་ནག་གཏང་ནིའི་ ལཱ་ཚུ་རྐྱངམ་གཅིག་ ལུས་ཏེ་ཡོད་ཟེར་ཨིན་པས།
དྲུང་ཆེན་གྱིས་འབད་བ་ཅིན་ ཌཱན་ཊཱག་ལས་འགུལ་གྱིས་ ད་ལྟོ་འབད་དོ་བཟུམ་སྦེ་ ས་ཁོངས་ནང་ ལས་མི་དང་ བཟོ་སྐྲུན་གྱི་ཅ་ཆས་ཚུ་ ལག་ལེན་འཐབ་པ་ཅིན་ ལཱ་ཚུ་ དུས་ཚོད་ཁར་ མཇུག་བསྡུ་ཚུགས་ཟེར་ཨིན་པས།
ཀི་ལོ་མི་ཊར་༢༩.༢ འབད་མི་ ཕྲང་ལམ་དེ་ སྤྱི་ལོ་༢༠༡༠ ཟླ་༣ པའི་ཚེས་༡༩ ལས་སེལ་ནི་ འགོ་བཙུགས་ཡོདཔ་ད་ ད་རེས་ཁམས་འཚོགས་མི་ ལྷན་རྒྱས་གཞུང་ཚོགས་དང་ བརྡ་བརྒྱུདཔ་གི་བར་ན་ ཞལ་འཛོམས་འཚོགས་པའི་སྐབས་ལུ་ ལམ་དེ་ སྤྱི་ལོ་༢༠༡༨ ཟླ་༦ པའི་ནང་ མཇུག་བསྡུ་ནི་སྦེ་ བཤད་ཅི།
ཕྲང་ལམ་དེ་ མཇུག་བསྡུ་བའི་བསྒང་ལས་ ཐིམ་ཕུག་དང་ ཕུན་ཚོགས་གླིང་བར་ནའི་ གཞུང་ལམ་དེ་ ཀི་ལོ་མི་ཊར་༡༩.༥ གིས་ ཐུང་ཀུ་འགྱོ་ནི་ཨིན་པས།
ལམ་དེ་ དུས་ཅི་ སྤྱི་ཟླ་༦ པའི་ནང་ མཇུག་བསྡུ་དགོ་པའི་ ཞག་དུས་དེ་ འབྱིད་པའི་ཤུལ་ལུ་ ཟད་འགྲོ་ཚུ་ བསྐྱར་བཟོ་འབད་བའི་སྐབས་ ལས་འགུལ་གྱི་ ཟད་འགྲོ་དེ་ དངུལ་ཀྲམ་ས་ཡ་༢,༨༠༣ ལྷགཔ་ཅིག་ གནས་ནི་ཨིན་པའི་གནས་ཚུལ།
སྐད་སྒྱུར་ ཉི་མ་དབང་འདུས།