ཆུ་ཁ་གློག་མེ་ཐོན་སྐྱེད་ཀྱི་ བསྒྱིར་འཕྲུལ་ཅིག་ མེདཔ་ཐལ་ཡོདཔ།

དེ་འབདཝ་ལས་ ཉིན་བསྟར་བཞིན་དུ་ འོང་འབབ་དངུལ་ཀྲམ་ས་ཡ་༥.༥ དེ་རེ་ གྱོང་རྒུད་ཕོག་དོ་ཡོདཔ།

༉ འབྲུག་ལུ་ ཆུར་བརྟེན་གློག་མེ་ལས་འགུལ་ དང་པ་ཨིན་མི་ ཆུ་ཁ་གློག་མེ་ལས་འཛིན་གྱི་ གློག་མེ་ཐོན་སྐྱེད་འབད་མི་ བསྒྱིར་འཕྲུལ་༤ ཡོད་མི་ལས་༡ མེདཔ་ཐལ་ཏེ་ ཟླཝ་ལྷག་སོཔ་ལས་ རྒྱལ་ཁབ་ལུ་ ཕྱིར་ཚོང་གི་འོང་འབབ་ ཉིན་བསྟར་བཞིན་དུ་ དངུལ་ཀྲམ་ས་ཡ་༥.༥ དེ་རེ་ གྱོང་རྒུད་ཕོག་དོ་ཡོདཔ་ཨིན་པས།
བསྒྱིར་འཕྲུལ་དང་པ་དེ་ ནམ་མེདཔ་ཐལ་ཡོདཔ་ཨིན་ན་ ཀུན་གསལ་གྱིས་ ཤེས་རྟོགས་བྱུང་མ་ཚུགས་རུང་ སྤྱི་ཟླ་༨ པའི་ནང་ མེདཔ་ཐལ་ཞིནམ་ལས་ཚུར་ རྒྱ་གར་ལས་ བི་ཨེཆ་ཨི་ཨེལ་ཟེར་མི་ བྷ་རཱཊ་གློག་ཆས་ལས་སྡེ་ལས་ འཕྲུལ་རིག་མཁས་མཆོག་ སྡེ་ཚན་ཅིག་དང་ ཆུ་ཁ་གློག་མེ་ལས་འཕྲུལ་ཁང་གི་ འཕྲུལ་ལསཔ་ཚུ་གིས་ བཅོ་ཁ་རྐྱབ་ནི་ འགོ་བཙུགས་ནུག།
ཆུ་ཤུགས་ཀྱིས་བསྒྱིར་མི་ འཕྲུལ་ཆས་དང་པའི་ ཁབ་ཏོག་ཚུ་ སོ་སོར་བཏོན་ཏེ་ བཅོ་ཁ་རྐྱབ་པའི་བསྒང་ཡོད་རུང་ ནམ་བཅོ་ཚར་ནི་ཨིན་ན་ ཏན་ཏན་སྦེ་ སླབ་མི་ཤེས་པས་ཟེར་ སྡེ་ཚན་ལས་ འཐུས་མི་ཅིག་གིས་ བཤདཔ་ཨིན་པས།
གློག་ཤུགས་མེ་ག་ཝཱཊི་༣༦༨ འབད་མི་ ཆུ་ཁ་གློག་མེ་འཕྲུལ་ཁང་དེ་ལུ་ གློག་མེ་ཐོན་སྐྱེད་འབད་མི་ བསྒྱིར་འཕྲུལ་༤ གིས་ ཉིན་བསྟར་བཞིན་དུ་ གློག་ཤུགས་མེ་ག་ཝཱཊི་༨༤ རེ་ ཐོན་སྐྱེད་འབད་ནི་གི་ ནུས་ཚད་ཡོད་རུང་ གནམ་བྱཱར་གྱི་ ཆར་ཆུའི་སྐབས་ ཆུའི་ཤུགས་ཚད་ཡར་འཕར་འགྱོ་བའི་སྐབས་ བསྒྱིར་འཕྲུལ་རེ་གིས་ གློག་ཤུགས་མེ་ག་ཝཱཊི་༩༠ ལས་༩༢ ཚུན་ ཡར་སེང་འགྱོ་དོ་ཡོདཔ་ཨིན་པས།
ད་ལྟོ་ བསྒྱིར་འཕྲུལ་གསུམ་ ལག་ལེན་འཐབ་དོ་ཡོདཔ་ད་ ཀུན་གསལ་གྱིས་ཐོབ་མི་ གནས་སྡུད་དང་འཁྲིལཝ་ད་ སྤྱི་ཟླ་༩ པའི་ཚེས་༢༥ ལུ་ སྤྱིར་བཏང་ལུ་ བསྒྱིར་འཕྲུལ་གསུམ་ཆ་ར་གིས་ གློག་ཤུགས་མེ་ག་ཝཱཊི་༩༡ ལས་༩༤ ཚུན་ ཐོན་སྐྱེད་འབད་ནུག།
བསྒྱིར་འཕྲུལ་༡ མེདཔ་ཐལ་མི་དེ་གིས་ རྒྱ་གར་ལུ་ གློག་མེ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༢.༥༥ རེ་སྦེ་ བཙོང་མི་ལུ་ གཞི་བཞག་སྟེ་ དུས་ཡུན་ཆུ་ཚོད་༢༤ གི་རིང་ གློག་ཤུགས་མེ་ག་ཝཱཊི་༩༡ ཐོན་སྐྱེད་འབད་མི་གུ་ རྩིས་རྐྱབ་པ་ཅིན་ ཉིནམ་རེ་ལུ་ དངུལ་ཀྲམ་ས་ཡ་༥.༥ རེ་ གྱོང་རྒུད་ཕོགཔ་ཨིན་པས།
ཆུ་ཁའི་གློག་མེའི་ ཕྱིར་བཙོང་གོང་ཚད་དེ་ སྤྱི་ལོ་༢༠༡༧ ཟླ་༡ པ་ལས་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༢.༢༥ ལས་༢.༥༥ འབདཝ་ད་ ཕྱེད་ཀྲམ་༣༠ ཡར་སེང་འབད་མི་ལུ་བརྟེན་ འོང་འབབ་དངུལ་ཀྲམ་ས་ཡ་༤༨༢.༡ ཐེབས་ཐོབ་ཡོདཔ་ད་ སྤྱི་ལོ་༢༠༡༧ ལུ་ ཆུ་ཁ་གློག་མེ་ཕྱིར་བཙོང་འཐབ་མི་ལས་ དངུལ་ཀྲམ་ཐེར་འབུམ་༤.༠༩༨ ཐོབ་ཡོདཔ་ཨིན་པས།
གློག་མེ་གོང་ཚད་དེ་ སྤྱི་ལོ་༢༠༡༨ ཟླ་༢ པའི་ནང་ རྒྱ་གར་ཨ་སམ་གྱི་ཁྲོམ་སྡེ་ གུ་ཧ་ཊི་ལུ་ མ་རྩ་འཛུགས་སྤྱོད་འབད་མི་ཚུ་གི་ དབུ་ཁྲིད་ཞལ་འཛོམས་འཚོགས་པའི་སྐབས་ བློན་ཆེན་བགྲེསཔ་ ཚེ་རིང་སྟོབས་རྒྱས་དང་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་མོ་དི་༢ གསུང་གྲོས་གནངམ་ད་ ཐག་བཅད་ཡོད་རུང་ གོང་ཚད་ཡར་སེང་དེ་ སྤྱི་ལོ་༢༠༡༧ ལས་ བསྟར་སྤྱོད་འབད་ཡོདཔ་ཨིན་པས།
ཆུ་ཁའི་གློག་མེ་དེ་ ནུབ་བེང་གཱལ་དང་ བི་ཧར་ ཇར་ཁཱནཌ་ ཨོ་རི་ས་ སི་ཀིམ་མངའ་སྡེ་ཚུ་ནང་ བཙོང་དོ་ཡོདཔ་ཨིན་པས།
ཆུ་ཁ་གློག་མེ་འཕྲུལ་ཁང་དེ་ སྤྱི་ལོ་༡༩༧༠ དོན་གྲངས་ལུ་ བཟོ་སྐྲུན་འབད་ནི་ འགོ་བཙུགས་ཏེ་ སྤྱི་རོ་༡༩༨༦ ལུ་བསྒྲུབས་ཏེ་ གློག་མེ་ཐོན་སྐྱེད་འབད་ནི་ འགོ་བཙུགས་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

 

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *