ཆུ་ཁ་གློག་མེ་ཐོན་སྐྱེད་ཀྱི་ བསྒྱིར་འཕྲུལ་ཅིག་ བཅོ་ནིའི་དོན་ལུ་ སང་ཕོད་སྤྱི་ཟླ་༤ པ་ཚུན་འགོར་ནི།

༉ ཆུ་ཁ་གློག་མེ་འཕྲུལ་ཁང་ནང་ བསྒྱིར་འཕྲུལ་ཅིག་ མེདཔ་ཐལ་ཏེ་ སྤྱི་ཟླ་༨ པའི་ཚེས་༢༧ ལས་ གློག་མེ་ཐོན་སྐྱེད་འབད་ནི་ མཚམས་འཇོག་འབད་མི་དེ་ ད་རེས་ གནམ་བྱཱར་གྱི་དུས་ཚོད་ མཇུག་མ་བསྡུ་བའི་ཧེ་མར་ བཅོ་ཁ་རྐྱབ་ནི་གི་ འོས་འབབ་མེདཔ་ཨིན་པས།
འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ དྲགོས་ཚེ་དབང་རིག་འཛིན་གྱིས་ སླབ་མིའི་ནང་ ཐོན་སྐྱེད་འཕྲུལ་འཁོར་དང་པ་དེ་ མེད་ཐལཝ་ཅིག་ར་ ཆུ་ཁ་གློག་མེ་འཕྲུལ་ཁང་གིས་ ག་དེ་མགྱོགས་མགྱོགས་ བཅོ་ནིའི་དོན་ལུ་ བརྟག་དཔྱད་ཅིག་འབདཝ་ད་ དུས་ཅི་ འཕྲུལ་ཆས་བཅོ་མི་ཚུགས་ནི་ཨིནམ་ ཤེས་རྟོགས་བྱུང་ཡི་ཟེར་ཨིན་པས།
དེ་འབདཝ་ལས་ འཛིན་སྐྱོང་གིས་ བསྒྱིར་འཕྲུལ་བཟོ་སྐྲུན་འབད་མི་ རྒྱ་གར་བྷ་རཱཊ་གློག་མེ་འཕྲུལ་ཆས་ལས་སྡེ་དང་ གྲོས་བསྟུན་འབད་ཐོག་ལས་ སང་ཕོད་ཀྱི་ གནམ་བྱཱར་ཆར་ཆུའི་ དུས་ཚོད་འགོ་མ་བཙུགས་པའི་ཧེ་མར་ ཐོན་སྐྱེད་འཕྲུལ་འཁོར་ཉམས་བཅོས་འབད་དེ་ ལག་ལེན་འཐབ་ཚུགསཔ་ བཟོ་ནི་སྦེ་ ཐག་བཅད་ཅི་ཟེར་ དྲགོས་ཚེ་དབང་རིག་འཛིན་གྱིས་ བཤདཔ་ཨིན་པས།
འཛིན་སྐྱོང་དང་ འཕྲུལ་ཆས་རྒྱུན་སྐྱོང་སྡེ་ཚན་ དེ་ལས་ སྡེ་ཕྲན་གཞན་ཚུ་གི་ རྒྱབ་སྐྱོར་ཐོག་ལུ་ འཕྲུལ་ལསཔ་ཚུ་གིས་ ཉིན་ནུབ་མེད་པར་ གློག་མེ་ཐོན་སྐྱེད་འཕྲུལ་འཁོར་ བཅོ་ནི་གི་ ལཱ་འབད་དོ་ཡོདཔ་ལས་ སྤྱི་ལོ་༢༠༢༠ ཟླ་༤ པའི་ནང་ ལག་ལེན་འཐབ་ཚུགསཔ་ བཟོ་ནི་གི་ དམིགས་འཆར་ཡོད་ཟེར་ བཤདཔ་ཨིན་པས།
གློག་ཤུགས་མེ་ག་ཝཱཊ་༣༣༦ ཐོན་སྐྱེད་འབད་མི་ ཆུ་ཁ་གློག་མེ་འཕྲུལ་ཁང་ལུ་ བསྒྱིར་འཕྲུལ་ལམ་ འཕྲུལ་འཁོར་༤ ཡོད་མི་ལས་༣ གྱིས་ ཉིན་བསྟར་བཞིན་དུ་ གློག་ཤུགས་མེ་ག་ཝཱཊ་༢༧༠ དེ་རེ་ གློག་མེ་ཐོན་སྐྱེད་འབད་དོ་ཡོདཔ་ད་ འཕྲུལ་འཁོར་༡ མེདཔ་ཐལ་མི་དེ་གིས་ ཉིནམ་རེ་ལུ་ རྒྱལ་ཁབ་ཀྱི་ འོང་འབབ་ལུ་ དངུལ་ཀྲམ་ས་ཡ་༥.༦༥ དེ་རེ་ གྱོང་རྒུད་ཕོག་དོ་ཡོདཔ་ཨིན་པས།
འཕྲུལ་འཁོར་རེ་ལུ་ གློག་ཤུགས་མེ་ག་ཝཱཊ་༨༤ རེ་ ཐོན་སྐྱེད་འབད་ནི་གི་ ནུས་ཚད་ཡོད་རུང་ ཆུའི་ཤུགས་ཚད་དང་འཁྲིལ་ ད་རེས་ནངས་པར་ འཕྲུལ་འཁོར་རེ་གིས་ ཉིན་བསྟར་བཞིན་དུ་ གློག་ཤུགས་མེ་ག་ཝཱཊ་༩༠ དང་༩༢ ཀྱི་བར་ན་ ཐོན་སྐྱེད་འབདཝ་ཨིན་པས།
དེ་བཟུམ་སྦེ་ གློག་ཤུགས་མེ་ག་ཝཱཊ་༧༢༠ འབད་མི་ མང་སྡེ་ཆུ་གློག་མེ་འཕྲུལ་ཁང་གི་ གློག་མེ་ཐོན་སྐྱེད་འཕྲུལ་འཁོར་ཅིག་ རྒྱུན་སྐྱོང་གི་དོན་ལུ་ སྤྱི་ཟླ་༩ པའི་ཚེས་༢༨ ལས་ གནས་སྐབས་ཅིག་ གློག་མེ་ཐོན་སྐྱེད་འབད་ནི་ མཚམས་འཇོག་འབད་དེ་ བཞག་ཡོདཔ་ཨིན་པས།
དྲགོས་ཚེ་དབང་རིག་འཛིན་གྱིས་ སླབ་མིའི་ནང་ མང་སྡེ་ཆུ་གློག་མེ་ལས་འགུལ་དབང་འཛིན་དེ་ འཛིན་སྐྱོང་སོ་སོའི་འོག་ལུ་ཨིནམ་ལས་ དེ་གི་མགྲིན་ཚབ་སྦེ་ ཁོ་གི་ཁ་ཐུག་ལས་ སླབ་ཐབས་མེད་རུང་ གློག་མེ་འཕྲུལ་ཁང་ ལག་ལེན་བརྟག་དཔྱད་དང་ མཇུག་བསྡུ་བའི་སྐབས་ དཀའ་ངལ་ཕྱམ་ཕྱིམ་ལེ་ཤ་ཐོན་ཡོདཔ་བཞིན་དུ་ ལས་འགུལ་གསརཔ་ཚུ་ལུ་ འདི་བཟུམ་མའི་ དཀའ་ངལ་འབྱུང་ནི་དེ་ རང་བཞིན་ཅིག་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མང་སྡེ་ཆུ་གློག་མེ་འཕྲུལ་ཁང་གི་ འཕྲུལ་འཁོར་༣ གྱིས་ གློག་མེ་ཐོན་སྐྱེད་འབད་བཞིན་དུ་ཡོད་རུང་ འཕྲུལ་འཁོར་༤ ལུ་ འཕྲུལ་ཆས་དང་འབྲེལ་བའི་ དཀའ་ངལ་བྱུང་ཡོདཔ་ལས་ ད་ལྟོ་ བཅོ་ཁ་རྐྱབ་པའི་བསྒང་འདུག་ཟེར་ཨིན་པས།
མང་སྡེ་ཆུ་གློག་མེ་འཕྲུལ་འཁོར་རེ་གིས་ ཉིན་བསྟར་བཞིན་དུ་ གློག་ཤུགས་མེ་ག་ཝཱཊ་༡༨༠ ལྷགཔ་རེ་ ཐོན་སྐྱེད་འབད་དོ་ཡོད་རུང་ ད་རེས་ནངས་པར་ ཆུའི་ཤུགས་ཚད་མར་འབབ་འགྱོ་དོ་ཡོདཔ་ལས་ ཐོན་ཤུགས་ཡང་ མར་འབབ་འགྱོ་འོང་ཟེར་ཨིན་པས།
མང་སྡེ་ཆུ་གློག་མེ་ལས་འགུལ་དབང་འཛིན་གྱི་ མཉམ་འབྲེལ་འཛིན་སྐྱོང་མདོ་ཆེན་ བཙན་སྐྱོགས་ཚེ་རིང་གིས་ སླབ་མིའི་ནང་ འཕྲུལ་འཁོར་རེ་གིས་ དུས་ཡུན་ཆུ་ཚོད་༥༠༠ ལཱ་འབད་བའི་ཤུལ་ལུ་ ལག་ལེན་ལམ་སྟོན་དང་འཁྲིལ་ རྒྱུན་སྐྱོང་འབད་དགོཔ་ལས་ ད་རེས་ འཕྲུལ་འཁོར་ཅིག་ རྒྱུན་སྐྱོང་འབད་མི་དེ་ཡང་ གནད་དོན་དེ་ལུ་བརྟེན་ཨིན་ཟེར་ཨིན་པས།
དྲགོས་ཚེ་དབང་རིག་འཛིན་གྱིས་ སླབ་མིའི་ནང་ འཕྲུལ་འཁོར་རེ་གིས་ ཉིནམ་རེ་ལུ་ གློག་མེ་ཡུ་ནིཊ་ས་ཡ་༤.༧༥ ཐོན་སྐྱེད་འབད་དོ་ཡོདཔ་ལས་ འོང་འབབ་ནང་ རྩིས་རྐྱབ་པ་ཅིན་ དངུལ་ཀྲམ་ས་ཡ་༡༩.༥༧ དེ་ཅིག་ ཐོནམ་ཨིན་ཟེར་ཨིན་པས།
ཆུ་ཁ་གློག་མེ་འཕྲུལ་ཁང་གི་ འཕྲུལ་འཁོར་༡ མེདཔ་ཐལ་མི་དང་ མང་སྡེ་ཆུའི་འཕྲུལ་འཁོར་༡ རྒྱུན་སྐྱོང་གི་དོན་ལུ་ ལག་ལེན་མཚམས་འཇོག་འབད་མི་གཉིས་ཀྱིས་ ཉིན་བསྟར་བཞིན་དུ་ རྒྱལ་ཁབ་ལུ་ དངུལ་ཀྲམ་ས་ཡ་༢༥.༢༢ དེ་རེ་ གྱོང་རྒུད་ཕོག་དོ་ཡོདཔ་ཨིན་པས།
ཆུ་ཁ་ལས་ ཐོན་སྐྱེད་འབད་མི་ གློག་མེ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༢.༥༥ དང་ མང་སྡེ་ཆུ་གློག་མེ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༡༢ སྦེ་ རྒྱ་གར་ལུ་ བཙོང་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

 

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *