ཁ་ཙ་ བྱག་ཕྱོགས་རྒེད་འོག་ལས་ ལ་ཕུག་དམརཔོ་དང་ དགེ་གླིང་ལས་ ཧོན་ཚོད་ཀྱིས་གཙོས་པའི་ ཚོད་བསྲེ་རིགས་མ་འདྲཝ་༡༨ དེ་ཅིག་ ཐིམ་ཕུག་ལུ་ བཀྲམ་སྤེལ་འབད་ནུག།

ཆུ་ཁ་གིས་ ཐིམ་ཕུག་ལུ་ སོ་ནམ་གྱི་ ཐོན་སྐྱེད་བཀྲམ་སྤེལ་འབད་དོ་ཡོདཔ།

༉ ཁ་ཙ་ ཆུ་ཁ་བྱག་ཕྱོགས་རྒེད་འོག་ལས་ ཐིམ་ཕུག་ལུ་ ཚོད་བསྲེ་ལ་ཕུག་དམརཔོ་མེ་ཊིག་ཊཱན་༢ དང་ ལ་ཕུག་ཀེ་ཇི་༤༠༠ ལྷོད་ཡོདཔ་བཞིན་དུ་ རྫོང་ཁག་དེ་གི་ རྒེད་འོག་ཚུ་གིས་ འགྲུལ་སྐྱོད་བཀག་དམ་༢ པའི་སྐབས་ འཕྲོ་མཐུད་དེ་ར་ ཚོད་བསྲེ་བཀྲམ་སྤེལ་འབད་ནི་ཨིན་པས།

བྱག་ཕྱོགས་ལས་ སོ་ནམ་པ་ སྟོང་སྐྱིད་རྐྱངམ་གཅིག་གིས་ར་ ལ་ཕུག་དམརཔོ་ཀེ་ཇི་༤༡ དེ་རེ་འབད་མི་ ཕད་ཙེ་༤༢ དང་ ལ་ཕུག་ཀེ་ཇི་༤༥ རེ་ཡོད་མི་ ཕད་ཙེ་༡༣ བསྐྱལ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ལ་ཕུག་དམརཔོ་ཀེ་ཇི་རེ་ལུ་ གོང་ཚད་དངུལ་ཀྲམ་༣༠ རེ་དང་ ལ་ཕུག་ཀེ་ཇི་རེ་ལུ་ དངུལ་ཀྲམ་༢༢ རེ་ བྱིན་དེས་ཟེར་ཨིན་པས།

ལོ་༡ ནང་ ཚོད་བསྲེ་ཚར་གཉིས འཛུགས་སྐྱོང་འབད་མི་ སྟོང་སྐྱིད་ཀྱིས་ སླབ་མིའི་ནང་ དངུལ་ཐོག་ཀེ་བ་གི་ ཤུལ་ལས་ར་ ཚོད་བསྲེ་དེ་གཉིས་ཨིན་ཟེར་ ཁོ་གིས་ བཤདཔ་ཨིན་པས།

ད་རུང་ སྟོང་སྐྱིད་ལུ གཡུང་རྡོག་ཕད་ཙེ་༦༠ དང་ འདབ་མ་ཀོ་པིའི་ དོ་དག་པ་ཅིག་ཡོད་མི་ཚུ་ཡང་ འཕྲལ་མགྱོགས་ར་ བཀྲམ་སྤེལ་འབད་ནི་ཨིན་པས།

རྒེད་འོག་སླར་འབྱུང་ཐོན་སྐྱེད་རྒྱ་སྐྱེད་འགོ་དཔོན་ ཚེ་རིང་དཔལམོ་གིས་ སླབ་མིའི་ནང་ བྱག་ཕྱོགས་ལུ་ ཁྱིམ་གུང་༢༦༢ ཡོད་རུང་ ག་ར་སོ་ནམ་གྱི་ལཱ་ལུ་ ཤུགས་བཏོན་མི་མེན་ཟེར་ཨིནམ་ད་ ཁྱིམ་གུང་༢༠༠ དེ་ཅིག་གིས་ སོ་ནམ་ལཱ་འབད་མི་དེ་ རང་བཟའ་སྤྱོད་འབད་ནིའི་དོན་ལུ་ཨིན་རུང་ ཚོང་འབྲེལ་ལུ་ གཙོ་བོར་བཏོན་ཏེ་ ལཱ་འབད་མི་ གུང་པ་༣༠ ལས་བརྒལ་མེད་ཟེར་ཨིན་པས།

ཚེ་རིང་དཔལམོ་གིས་འབད་བ་ཅིན་ བྱག་ཕྱོགས་ལས་ཐོན་མི་ ཚོད་བསྲེ་ཚུ་ ཆུ་ཁ་ལུ་ གཙུག་སྡེ་ཁག་དང་ རྩི་མ་གཤམ་ཁྲོམ་ དེ་ལས་ སློབ་གྲྭ་ཁག་༣ ནང་ཡང་ བཀྲམ་སྤེལ་འབད་དོ་ཟེར་ཨིན་པས།

མོ་གིས་ སླབ་མིའི་ནང་ དུས་ཅི་ སྤྱི་ཟླ་༨ པའི་ནང་ རྒྱལ་ཡོངས་ལུ་ འགྲུལ་སྐྱོད་བཀག་དམ་དང་པའི་སྐབས་ལུ་ ཚོད་བསྲེ་ཚུ་ ཐིམ་ཕུག་དང་ བསམ་རྩེ་ལུ་ བཀྲམ་སྤེལ་འབད་ཡི་ཟེར་ཨིན་པས།

རྫོང་ཁག་སོ་ནམ་གཙོ་འཛིན་འགོ་དཔོན་འོགམ་ ས་ཧ་བིར་རའེ་གིས་ སླབ་མིའི་ནང་ ཁ་ཙ་ བྱག་ཕྱོགས་ལས་ ལ་ཕུག་དང་ ལ་ཕུག་དམརཔོ་ཚུ་དང་གཅིག་ཁར་ དགེ་གླིང་རྒེད་འོག་ལས་ ཚོད་བསྲེ་མ་འདྲཝ་ཁག་༡༨ དེ་ཅིག་ ཐིམ་ཕུག་ལུ་ བཀྲམ་སྤེལ་འབད་ཡི་ཟེར་ཨིནམ་ད་ དེ་ཡང་ མེ་ཏོག་ཧོན་ཚོད་དང་ འདབ་མ་ཀོ་པི་ ཧོན་ཚོད་ ས་འོག་ཨེ་པཱལ་ ས་སྒ་ ཀ་ཀུ་རུ་ཚུ་ཨིན་པས།

དེ་བཟུམ་སྦེ་ གདུང་ནག་དང་ ཕུན་ཚོགས་གླིང་ སྐྱབས་ཆ་རྒེད་འོག་ཚུ་གིས་ཡང་ ད་རིས་ བཀྲམ་སྤེལ་འབད་ནི་ཨིན་པས།

ད་རིས་ གདུང་ནག་ལས་ ས་སྒ་ཀེ་ཇི་༡,༡༠༠ དང་ ཚལ་ལུ་ཀེ་ཇི་༨༠ ལ་ཕུག་ཀེ་ཇི་༡༡༠ ལ་ཕུག་དམརཔོ་ཀེ་ཇི་༥༠ ཧོན་ཚོད་ཆག་པ་༣༠༠ པད་ཀར་ཆག་པ་༢༠༠ ཨིསི་ཀོཤ་ཀེ་ཇི་༣༠༠ ཨ་འོག་ཨེ་པཱལ་ཀེ་ཇི་༣༠ ཐིམ་ཕུག་ལུ་ བསྐྱལ་ནི་ཨིན་པས།

ཕུན་ཚོགས་གླིང་རྒེད་འོག་ རྡོ་ཕུག་ལ་ཁ་གཡུས་ཚན་ལས་ ཀ་ཀུ་རུ་ཀེ་ཇི་༤༠༠ དང་ ཨིསི་ཀོཤ་ཀེ་ཇི་༣༠༠ ཧོན་ཚོད་ཆག་པ་༥༠༠ སྲནམ་ཅུམ་ཀེ་ཇི་༧༠ མེ་ཏོག་ཧོན་ཚོད་ཀེ་ཇི་༥༠ འདབ་མ་ཀོ་པི་ཀེ་ཇི་༡༠༠ ས་སྒ་ཀེ་ཇི་༡༠༠ ད་རིས་ ཐིམ་ཕུག་ལུ་ ལྷོད་ནི་ཨིན་པས།

རྩི་མ་ལ་ཁ་ལ་ དར་ཚིལ་སྒོང་༡༥༠ དང་ མར་ཀེ་ཇི་དག་པ་ཅིག་ བསྐྱལ་ནི་ཨིན་པའི་གནས་ཚུལ།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *