བསམ་གྲུབ་ལྗོངས་མཁར་ལུ་ ཆུའི་དཀའ་ངལ་ལུ་བརྟེན་ ཉི་གདུགས་ལག་ལེན་འཐབ་སྟེ་ ཆར་ཆུ་བཟེད་པའི་བསྒང་།

ཆརཔ་མ་ཆད་པར་ རྐྱབ་མི་ལུ་བརྟེན་ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེ་ནང་ འཐུང་ཆུའི་དཀའ་ངལ།

༉ གནམ་བྱཱར་གྱི་དུས་ཚོད་འ་ནེམ་ཅིག་ཁར་ ཚ་དྲོད་ཡར་འཕར་འགྱོ་དོ་ཡོདཔ་བཞིན་དུ་ འདས་པའི་ཉིནམ་དག་པ་ཅིག་གི་རིང་ ཆརཔ་མ་ཆད་པར་རྐྱབ་མི་ལུ་བརྟེན་ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེ་སྟོད་དང་ བར་ནང་སྡོད་མི་ཚུ་ལུ་ འཐུང་ཆུའི་དཀའ་ངལ་ སྦོམ་སྦེ་ར་ཐོན་ནུག།
ཆརཔ་ཤུགས་སྦེ་རྐྱབ་མི་དེ་གིས་ པིན་ཅི་ནང་དང་ རི་ཁེ་ཆུ་གི་ ཆ་དུང་ལ་སོགས་པ་ཚུ་ འཕྱགས་བདའ་ཡོདཔ་ལས་ འདས་པའི་བདུན་ཕྲག་དག་པ་ཅིག་གི་རིང་ ཁྲོམ་སྡེ་ནང་སྡོད་མི་ཚུ་ལུ་ ཆུ་མ་འཐོབ་མི་ལུ་བརྟེན་ ཁོང་གི་ ཆུ་མཛོད་ལ་སོགས་པ་ཚུ་ནང་ གསོག་འཇོག་འབད་མི་ཚུ་ཡང་ རྫོགས་སོཔ་ཨིན་པས།
ད་རེས་ནངས་པར་ ཁྲོམ་སྡེ་ནང་སྡོད་མི་ཚུ་གིས་ ཁོང་རའི་སྣུམ་འཁོར་ཚུ་ནང་ སྣུམ་འཁོར་བཅོ་ཁང་ས་ཁོངས་ཀྱི་ ལྟག་ལུ་ཡོད་མི་ ཆུ་རྫིང་དེ་ནང་ལས་ ཆུ་སྐྱེལ་འདྲེན་འབད་དོ་ཡོདཔ་བཞིན་དུ་ ལ་ལོ་ཅིག་གིས་ ཆརཔ་རྐྱབ་པའི་སྐབས་ ཆར་ཆུ་གསོག་འཇོག་འབད་བཞགཔ་མས།
ཁྲོམ་སྡེ་ནང་སྡོད་མི་ རྡོ་རྗེ་དབང་ཕྱུག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁྲོམ་སྡེའི་འཐུང་ཆུ་དེ་ བརྟན་ཏོག་ཏོ་མེདཔ་ལས་ ཁོ་གི་ཁྱིམ་ནང་ལས་ ཀི་ལོ་མི་ཊར་༡ དེ་ཅིག་གི་ ས་ཁར་ཡོད་མི་ སྣུམ་འཁོར་བཅོ་ཁང་གི་ ལྟག་ལུ་ཡོད་མི་ ཆུ་རྫིང་ལས་ ཆུ་དབོག་འབག་དོ་ཟེར་ཨིནམ་ད་ ག་ར་གིས་ ཆུ་རྫིང་དེ་ཁར་ འོང་དོ་ཡོདཔ་ལས་ གྱལ་ཁ་ནང་སྡོད་དགོ་པའི་ གདོང་ལེན་ཚུ་ འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འཐུང་ཆུའི་དཀའ་ངལ་དེ་ གནམ་བྱཱར་ལུ་ འཐོན་དོ་ཡོདཔ་ལས་ གནད་དོན་དེ་ གཙོ་རིམ་ཅན་སྦེ་ བཟུང་དགོཔ་འདུག་ཟེར་ཨིནམ་ད་ ཆུ་འཐོབ་ས་དེ་ ཁྲོམ་སྡེ་རྐྱངམ་གཅིག་འབདཝ་ལས་ ཁྲོམ་སྡེ་གིས་ ཆུ་བཀྲམ་སྤེལ་འབད་མ་ཚུགས་པ་ཅིན་ ག་ལུ་བློ་གཏད་ཟེར་ཨིན་པས།
སངས་རྒྱས་མཚོ་མོ་གིས་ སླབ་མིའི་ནང་ ལོ་བཅུ་ཕྲག་༢ དེ་ཅིག་གི་ ཧེ་མ་དང་ཕྱདཔ་ད་ ཆུའི་གནས་སྟངས་དེ་ ཡར་དྲགས་སོང་ཡི་ཟེར་ཨིན་རུང་ ཧེ་མའི་ཆུ་དུང་རྙིངམ་ལ་སོགས་པ་ཚུ་ ཉམས་བཅོས་འབད་ནི་མེན་པར་ གཙོ་རིམ་བཟུང་ཐོག་ལས་ གཏན་འཇགས་ཀྱི་དོན་ལུ་ ཐབས་ལམ་མ་བཏོན་པ་ཅིན་ གནས་སྟངས་དེ་ ཧེ་མ་ལས་ལྷག་སྟེ་ སྐྱོ་དྲགས་ཐལ་ནིའི་ ཉེན་ཁ་ཡོད་ཟེར་ཨིན་པས།
སྐྱེས་ལོ་༤༣ ལང་མི་ བཀྲིས་ཆོས་སྒྲོན་གྱིས་ སླབ་མིའི་ནང་ ཁྲོམ་སྡེའི་ཆུ་དེ་ གནམ་བྱཱར་ལུ་ གཙང་ཏོང་ཏོ་མི་འོང་དོ་ཡོདཔ་ལས་ གོ་ལ་འཁྱུ་ནི་དང་ གསང་སྤྱོད་ནང་ ལག་ལེན་འཐབ་ནི་རྐྱངམ་གཅིག་ བཏུབ་དོ་ཡོད་མི་ལུ་བརྟེན་ འཐུང་ནིའི་དོན་ལུ་ ཚོང་ཁང་ཚུ་ནང་ལས་ ཆུ་ཉོཝ་ད་ ཟླཝ་༡ ནང་ དངུལ་ཀྲམ་༣,༠༠༠ དེ་ཅིག་ གནསཔ་མས་ཟེར་ཨིན་པས།
མི་ཚུ་གིས་ སླབ་མིའི་ནང་ འཐུང་ཆུའི་དཀའ་ངལ་ཐོན་མི་དེ་ འཆར་གཞི་ལ་སོགས་པ་ཚུ་ བརྩམ་པའི་སྐབས་ རྒྱལ་ཁབ་གཞན་ཚུ་ལུ་ དཔེ་བལྟ་སྟེ་ འབད་དོ་ཡོདཔ་ལས་ ལག་ལེན་འཐབ་ནིའི་ གདོང་ལེན་ཡོད་ནི་དེ་གིས་ཨིནམ་ད་ ཞིབ་འཚོལ་འབད་བའི་སྐབས་ཡང་ གནམ་དགུན་ལུ་མེན་པར་ ཉེན་སྲུང་གི་ ཐབས་ལམ་ཚུ་གི་ ཤེས་རྟོགས་འབྱུང་ཐབས་ལུ་ གནམ་བྱཱར་ཆུ་སྦོམ་ཡོད་པའི་སྐབས་ འབད་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།
འཐུང་ཆུའི་དཀའ་ངལ་སེལ་ཐབས་ལུ་ ཁྲོམ་སྡེ་གིས་ ག་ཅི་འབདཝ་ཨིན་ན?
ཁྲོམ་སྡེའི་འཐུང་ཆུ་སྡེ་ཚན་གྱི་ འགོ་དཔོན་ཚུ་གིས་ ཉིན་ནུབ་མེད་པར་ ཆུ་དུང་ལ་སོགས་པ་འཕྱགས་བདའ་མི་ ཉམས་བཅོས་ཀྱི་ལཱ་ཚུ་ འབད་དོ་ཡོདཔ་ད་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ཆུ་དེ་ དུས་རྒྱུན་དུ་ བཀྲམ་སྤེལ་འབད་མ་ཚུགས་པར་ ཉིནམ་༢ དང་༣ དེ་ཅིག་གི་ཤུལ་ལས་ བཀྲམ་སྤེལ་འབད་དོ་ཟེར་ཨིན་པས།
ཁྲོམ་སྡེའི་བཀོད་ཁྱབ་དྲུང་ཆེན་ ལྟའུ་རྒྱས་ཆོས་གྲུབ་ཀྱིས་ སླབ་མིའི་ནང་ ཆརཔ་མ་ཆད་པར་ རྐྱབ་མི་དེ་གིས་ རི་ཁེ་ཆུ་གི་ ཆུ་དུང་ཚུ་ འཕྱགས་བད་ཡོདཔ་མ་ཚད་ པིན་ཅི་ནང་གི་ ཆུ་འཐེན་འཕྲུལ་ཆས་ཡང་ མེདཔ་བཏང་ཡོདཔ་ལས་ ཁྲོམ་སྟོད་དང་བར་ལུ་ ཆུའི་དཀའ་ངལ་ཡོད་རུང་ ཁྲོམ་སྡེ་སྨད་ལུ་ ས་འོག་ཆུ་ལས་ བཀྲམ་སྤེལ་འབད་དོ་ཡོདཔ་ལས་ དཀའ་ངལ་མེད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འགོ་དཔོན་ཚུ་གིས་ ཉམས་བཅོས་ཀྱི་ལཱ་ཚུ་ འབད་དོ་ཡོདཔ་བཞིན་དུ་ ཁྲོམ་སྡེ་གིས་ དངུལ་ཀྲམ་༣༠,༠༠༠ དེ་ཅིག་བཏང་ཐོག་ རི་མཁས་ཆུའི་ ཆུ་དུང་ཚུ་ པིན་ཅི་ནང་གི་ ཆུ་མཛོད་ལུ་ མཐུད་སྦྲེལ་འབད་ཡི་ཟེར་ཨིན་རུང་ དེ་ཚུ་ གནས་སྐབས་ཅིག་གི་ ཐབས་ལམ་ཨིནམ་ལས་ ཆརཔ་རྐྱབ་པའི་སྐབས་ ཉམས་བཅོས་ལ་སོགས་པ་ཚུ་ འབད་དགོ་པས་ཟེར་ཨིན་པས།
དེ་ལས་ མི་སེར་ཚུ་གི་ དགོས་མཁོ་དང་འཁྲིལ་ ཁྲོམ་སྡེའི་ཆུ་བཀྲམ་སྤེལ་སྣུམ་འཁོར་ ཊེང་ཀར་གྱིས་མ་ཚད་པར་ སྒེར་སྡེའི་ཊེང་ཀར་ཚུ་ལས་ཡང་ རྒྱབ་སྐྱོར་ལེན་ཐོག་ བཀྲམ་སྤེལ་འབད་དོ་ཟེར་ཨིན་རུང་ ཆུ་དེ་ ལེགས་བཅོས་འབད་འབདཝ་མེནམ་ལས་ གོ་ལ་འཁྱུ་ནི་དང་ གསང་སྤྱོད་ཚུ་ནང་རྐྱངམ་གཅིག་ ལག་ལེན་འཐབ་བཏུབ་ཟེར་ཨིན་པས།
ལྟའུ་རྒྱས་ཆོས་གྲུབ་ཀྱིས་ སླབ་མིའི་ནང་ ཡུ་ཨེསི་ཌོ་ལར་ ས་ཡ་༡.༢༢ དེ་ཅིག་འབད་མི་ ཆུ་བཀྲམ་སྤེལ་གྱི་ ལས་འགུལ་ཅིག་ འཕྲལ་མགྱོགས་ར་ འགོ་བཙུགས་ནི་ཨིནམ་བཞིན་དུ་ ད་ལྟོའི་གནས་སྟངས་ནང་ ཧེ་མའི་ ཆུ་དུང་རྙིངམ་ལ་སོགས་པ་ཚུ་ ཉམས་བཅོས་འབད་ཐོག་ལས་ བཀྲམ་སྤེལ་འབད་དོ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ལས་འགུལ་དེ་ རིན་བསྡུར་འབད་ནིའི་དོན་ལུ་ ཁྲོམ་སྡེ་གིས་ མཐའ་བཅད་ཀྱི་ལཱ་ཚུ་ འབད་བའི་བསྒང་ཡོདཔ་ལས་ དུས་ཅི་གི་ ལོའི་ནང་ར་ འགོ་བཙུགས་ནི་ཨིནམ་བཞིན་དུ་ ལས་འགུལ་དེ་ མཇུག་བསྡུ་བའི་ཤུལ་ལས་ འཐུང་ཆུའི་དཀའ་ངལ་ཚུ་ བསལ་ཚུགས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁྲོམ་སྡེ་གིས་ དངུལ་ཀྲམ་༨༠༠,༠༠༠ དེ་ཅིག་ ཟད་འགྲོ་བཏང་ཐོག་ ས་འོག་བཏོན་ནིའི་དོན་ལུ་ གཏིང་ཚད་མི་ཊར་༢༥༠ ལྷགཔ་ཅིག་བརྐོ་རུང་ ཆུ་བཏོན་མ་ཚུགས་ཟེར་ཨིནམ་ད་ འཕྲལ་མགྱོགས་ར་ ཞབས་ཏོག་ལྷན་ཁག་གི་ བཟོ་རིག་ལས་ཁུངས་ཀྱིས་ ས་འོག་ཆུ་བཏོན་འཕྲུལ་ཆས་བྱིན་ནི་ཨིནམ་ལས་ ཕན་ཐོགས་འབྱུང་ཚུགས་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *