ཆུ་རུད་ཀྱིས་ འཕྱགས་བདའ་མི་ ཁ་རུང་ལ་དང་ རྐང་པ་ར་རྒེད་འོག་ལྟེ་བའི་འཁོར་ལམ།

ཆརཔ་མ་ཆད་པར་རྐྱབ་མི་ལུ་བརྟེན་ འཁོར་ལམ་དང་ ལོ་ཐོག་ཚུ་ལུ་ གནོད་སྐྱོན་རྐྱབ་ཡོདཔ།

༉ བཀྲིས་སྒང་དང་ བཀྲིས་གཡང་རྩེ་ལུ་ བདུན་ཕྲག་ལྷགཔ་ཅིག་ ཆརཔ་མ་ཆད་པར་རྐྱབ་མི་དེ་གིས་ གཞུང་ལམ་དང་ རྒེད་འོག་ལྟེ་བའི་ལམ་ཚུ་ བསུབས་ནུག།
དེ་ཡང་ སྤྱི་ཟླ་༧ པའི་ཚེས་༩ ལས་ བཀྲིས་སྒང་དང་ མོང་སྒར་དང་ བཀྲིས་གཡང་རྩེ་ དེ་ལས་ བསམ་གྲུབ་ལྗོངས་མཁར་གྱི་ གཞུང་ལམ་ཚུ་ ས་རུད་ཆད་དེ་ བསུབས་ཡོདཔ་མ་ཚད་ རྒེད་འོག་ལྟེ་བའི་ལམ་༦ ཡང་ བསུབས་ཡོདཔ་ཨིན་པས།
བཀྲིས་སྒང་ལམ་སེལ་ལས་ཁུངས་དང་འཁྲིལ་བ་ཅིན་ བཀྲིས་སྒང་ལས་ མོང་སྒར་ཁ་ཐུག་འགྱོ་སའི་ལམ་ ཁག་ལེ་ཤ་ཅིག་ར་ བསུབས་ཏེ་འདུག་ཟེར་ཨིནམ་ད་ ལམ་ཤུགས་སྦེ་ར་ བཀྲིས་སྒང་ལྕགས་ཟམ་ལས་ ཀི་ལོ་མི་ཊར་༡༠ དེ་ཅིག་ནང་ བསུབས་ཏེ་ཡོདཔ་ཨིན་པས།
ལྕགས་ཟམ་ལས་ བཀྲིས་གཡང་རྩེ་ཁ་ཐུག་ ཀི་ལོ་མི་ཊར་༧.༥ གི་ས་གནས་ འཇམ་མཁར་གྲང་ལུ་ རུད་ཆད་འོང་མི་ལུ་བརྟེན་ ལམ་སྦོམ་སྦེ་ར་བསུབས་ཡོདཔ་ད་ ལམ་དེ་ སྤྱི་ཟླ་༧ པའི་ཚེས་༡༡ ལས་ བསུབས་ཡོདཔ་ཨིན་པས།
བཟོ་རིག་འགོ་དཔོན་ དུར་ག་ཇེ་བི་ཤར་མ་གིས་ སླབ་མིའི་ནང་ ལམ་བསུབས་ཡོད་པའི་ས་གནས་ཚུ་ནང་ ས་བརྐོ་འཕྲུལ་ཆས་ ཨེསི་ཀེ་བེ་ཊར་དང་ ལས་མི་ཚུ་བཙུགས་ཏེ་ཡོད་ཟེར་ཨིནམ་ད་ ལམ་སེལ་ཁུངས་ཀྱིས་ ལམ་སེལ་བའི་བསྒང་ར་ཡོད་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ཆརཔ་མ་ཆད་པར་རྐྱབ་མི་ལུ་བརྟེན་ ལམ་བསལ་ནིའི་ལཱ་ལུ་ བར་ཆད་རྐྱབ་མས་ཟེར་ ཨིན་པས།
ལམ་སེལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཆརཔ་ཤུགས་སྦེ་རྐྱབ་མི་དེ་གིས་ འཇམ་མཁར་གྲང་གི་ལམ་དེ་ ས་རུད་ཀྱིས་ འཕྱགས་བདའ་ནུག་ཟེར་ཨིནམ་ད་ ཆརཔ་མ་ཆད་པར་རྐྱབ་ནི་དེ་གིས་ ལམ་སེལ་མ་ཚུགས་ཟེར་ཨིན་པས།
བཟོ་རིག་འགོ་དཔོན་འོགམ་ བདེ་ཆེན་གྲུབ་པ་གིས་ སླབ་མིའི་ནང་ ལྕགས་ཟམ་དང་ དོག་གསུམ་གྱི་བར་ན་ འཁོར་ལམ་ ཁག་ལེ་ཤ་ཅིག་ར་ བསུབས་ཏེ་འདུག་ཟེར་ཨིནམ་ད་ ལས་ཁུངས་ཀྱིས་ ལམ་བསལ་ནིའི་དཔའ་བཅམ་རུང་ ཆརཔ་རྐྱབ་ནི་དེ་གིས་ བར་ཆད་རྐྱབ་ཅི་ཟེར་ཨིན་པས།
འཁོར་ལམ་བསལ་ཚར་ནི་ལུ་ ད་རུང་ ཉིནམ་༢ དང་༣ གྱི་བར་ན་ འགོར་ནི་མས་ཟེར་ ཁོ་གིས་བཤད་པའི་ཁར་ ད་རེས་ ས་བརྐོ་འཕྲུལ་ཆས་ཨེསི་ཀེ་བེ་ཊར་ལུ་ རྡོ་ཕོག་སྟེ་ མེདཔ་ཐལ་ཡོདཔ་ལས་ ད་རེས་ འཁོར་ལམ་སེལ་མ་ཚུགས་ཟེར་ཨིན་པས།
ས་གནས་གཞུང་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཁྲིམས་ཤིང་དང་ རྐང་པར་ར་ སག་སྟེང་དང་ ཀླུ་མང་ དེ་ལས་ ཨུ་མཛོ་རོང་རྒེད་འོག་ཚུ་ལུ་ རྫོང་ཁག་དང་མཐུད་འབྲེལ་འབད་མ་ཚུགས་པར་ ལུས་ཏེ་ཡོད་པའི་ཁར་ མི་ཚུ་ཡང་ རྒྱུན་འབྲེལ་འཐབ་མ་ཚུགས་པའི་ དཀའ་ངལ་ཡོད་ཟེར་ཨིན་པས།
མཁར་རུང་ལ་དང་ རྐང་པར་ར་རྒེད་འོག་ལྟེ་བའི་ འཁོར་ལམ་ཡང་ ས་གནས་ཕོ་ཆུ་ཟེར་སར་ རྒྱ་སྦོམ་སྦེ་ར་ ཆད་ཡོདཔ་བཞིན་དུ་ ཁྲིམས་ཤིང་རྒེད་འོག་ནང་འབད་བ་ཅིན་ བཀྲིས་གཡང་ཕུག་ལས་ ཁྲིམས་ཤིང་གི་བར་ན་ ལམ་རྒྱ་སྦོམ་སྦེ་ར་ཆད་དེ་ཡོད་ཟེར་ ཁྲིམས་ཤིང་རྒཔོ་ ངག་དབང་རྡོ་རྗེ་གིས་ བཤདཔ་ཨིན་པས།
ཁྲིམས་ཤིང་རྒེད་འོག་གི་ གུང་པ་༧༧ ལྷགཔ་ཅིག་གི་ གེ་ཟ་ལུ་གནོད་སྐྱོན་རྐྱབ་ཡོདཔ་མ་ཚད་ གུང་པ་༥ ལྷགཔ་ཅིག་གི་ཁྱིམ་ལུ་ གནོད་སྐྱོན་རྐྱབ་སྟེ་ཡོད་ཟེར་ཨིནམ་ད་ ད་ལྟོ་བརྡ་དོན་ཚུ་ བསྡུ་ལེན་འབད་བའི་བསྒང་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ མཁའ་གླིང་རྒེད་འོག་གི་ སྤྱི་འོག་༤ ནང་ གེ་ཟ་ཞིང་ལུ་ གནོད་སྐྱོན་རྐྱབ་སྟེ་ཡོད་ཟེར་ རྒཔོ་བཀྲིས་རྡོ་རྗེ་གིས་ བཤད་པའི་ཁར་ ཐང་མཚོ་རོང་ཡུས་ཚན་ནང་ རྒན་རྒས་གཉིས་ཀྱི་ཁྱིམ་ རྩ་བ་ལས་ར་ མེདཔ་བཏང་སྟེ་ཡོད་ཟེར་ཨིནམ་ད་ ཁྱིམ་དེ་ ཉེན་བཅོལ་འབད་ནུག་ཟེར་ཨིན་པས།
གཙང་པོ་བཟོ་རིག་སྡེ་ཚན་གྱི་ བཟོ་རིག་འགོ་དཔོན་འོགམ་ ཚེ་དབང་རྡོ་རྗེ་གིས་ སླབ་མིའི་ནང་ ས་གནས་མོ་ཆུ་ཟེར་སའི་ ཡུར་ཟམ་རྐྱབ་མི་ཡང་ འཕྱགས་བདའ་ནུག་ཟེར་ཨིནམ་ད་ ལམ་ལེགས་བཅོས་འབད་ནིའི་དོན་ལུ་ དུས་ཚོད་འགོར་ནི་མས་ཟེར་ཨིན་པས།
ལམ་ཚུ་ ཁག་མ་འདྲཝ་ནང་བསུབས་ཡོདཔ་ལས་ བསལ་ནིའི་དཔའ་བཅམ་རུང་ ཆརཔ་རྐྱབ་ད་ ཉེན་ཁ་འདུག་ཟེར་ ཁོ་གིས་བཤད་པའི་ཁར་ ཆརཔ་ཉིན་ནུབ་མེད་པར་ རྐྱབ་དོ་ཡོདཔ་ལས་ ལཱ་ཁག་འདུག་ཟེར་ཨིན་པས།
ཤེས་རྟོགས་བྱུང་མའི་ནང་ འཁོར་ལམ་བསལ་ནིའི་དོན་ལུ་ ལམ་སེལ་ཁུངས་ཀྱིས་ འཇམ་མཁར་གྲང་དང་ སག་སྟེང་གི་ས་གནས་རྟ་ལོག་ དེ་ལས་ ལམ་བསུབས་ཡོད་པའི་ས་གོ་ཚུ་ནང་ ས་བརྐོ་འཕྲུལ་ཆས་ ཨེསི་ཀེ་བེ་ཊར་ཚུ་བཙུགས་ཡོདཔ་ད་ འཕྲུལ་ཆས་ལངམ་སྦེ་མེདཔ་ལས་ དུས་ཚོད་ཁར་ ལམ་བསལ་ནི་ལུ་ གདོང་ལེན་བྱུང་སྟེ་འདུག།
རམ་འཇར་རྒཔོ་ བསྟན་འཛིན་དབང་གྲགས་ཀྱིས་ སླབ་མའི་ནང་ འཇམ་མཁར་གྲང་ལུ་ འཁོར་ལམ་བསུབས་མི་ལུ་བརྟེན་ སྣུམ་འཁོར་ཚུ་ བར་མཚམས་བརྒྱུད་དེ་ བཏང་ཡོད་རུང་ ཆརཔ་མ་ཆད་པར་རྐྱབ་ཡོདཔ་ལས་ འཇམ་མཁར་གྱི་འཁོར་ལམ་ཡང་ བསུབས་ཡོདཔ་ལས་ སྣུམ་འཁོར་ཚུ་ རྒྱུན་འབྲེལ་འཐབ་མ་ཚུགས་པར་ ལུས་ཏེ་ཡོད་ཟེར་ཨིན་པས།
ཨིན་རུང་ ལམ་སེལ་ལས་ཁུངས་དང་ མི་སེར་ཚུ་གིས་ ལམ་བསལ་ནིའི་རྒྱབ་སྐྱོར་འབད་དོ་ཡོདཔ་ལས་ ད་རེས་ བསལ་ཚུགས་པའི་རེ་བ་ཡོད་ཟེར་ རྒཔོ་གིས་བཤདཔ་ཨིན་པས།
སྟོད་ཚོ་རྒཔོ་ བདེ་ཆེན་དབང་གྲགས་ཀྱིས་ སླབ་མིའི་ནང་ བདུན་ཕྲག་༡ ལྷགཔ་ཅིག་ ཆརཔ་མ་ཆད་པར་རྐྱབ་མི་དེ་གིས་ མི་སེར་ཚུ་ ལྕང་ལཱ་རྐྱབ་ནི་ལུ་ ཕན་ཐོགས་ཏེ་ཡོད་རུང་ བྱང་ཕུག་རྩེ་གཡུས་ཚན་ནང་ ལོ་ཐོག་ཚུ་ལུ་ གནོད་སྐྱོན་རྐྱབ་ཡོདཔ་མ་ཚད་ མཆོད་རྟེན་༤ ལུ་ཡང་ གནོད་སྐྱོན་རྐྱབ་ནུག་ཟེར་ཨིན་པས།
བཀྲིས་གཡང་རྩེ་ གཞན་རྒེད་འོག་གི་སོ་ནམ་ཞིང་ལམ་ལུ་ གནོད་སྐྱོན་རྐྱབ་ཡོདཔ་མ་ཚད་ འཇམ་མཁར་རྒེད་འོག་ནང་ མཆོད་རྟེན་༥ ལུ་ གནོད་སྐྱོན་རྐྱབ་སྟེ་ཡོད་ཟེར་ རྒཔོ་ཀརྨ་ཚེ་དབང་གིས་ བཤདཔ་ཨིན་པས།
ལམ་སེལ་ལས་ཁུངས་ཀྱིས་ འཁོར་ལམ་སེལ་རུང་ ཆརཔ་མ་ཆད་པར་རྐྱབ་མི་ལུ་བརྟེན་ འཁོར་ལམ་ཚུ་ ལོག་སྟེ་ར་ བསུབས་དོ་ཡོདཔ་ལས་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་དང་ ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཚུ་གིས་ ལྟ་རྟོག་འབད་བཞིན་དུ་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *