ཆརཔ་གིས་ འཁོར་ལམ་དང་ མཁའ་འགྲུལ་ཞབས་ཏོག་ཚུ་ལུ་ གནོད་སྐྱོན།

༉ དུས་ཅི་ གནམ་བྱཱར་ཆརཔ་རྐྱབ་མི་དེ་གིས་ འཁོར་ལམ་གྱི་ སྐྱེལ་འདྲེན་རྐྱངམ་གཅིག་མེན་པར་ རྒྱལ་ཁབ་ནང་གི་ ནང་འཁོད་མཁའ་འགྲུལ་ཞབས་ཏོག་ཚུ་ལུ་ཡང་ གནོད་སྐྱོན་རྐྱབ་ཡོདཔ་ཨིན་པས།
ནང་འཁོད་གནམ་ཐང་༣ ལས་ར་ གནམ་གྲུ་འཕུར་འགྲུལ་ཆ་མེད་བཏང་ཡོད་པའི་ སྙན་ཞུ་ལྷོད་ཡོདཔ་ད་ སྤྱི་ཟླ་༧ པའི་ཚེས་༡༥ ལུ་ གནམ་གཤིས་ལེགས་ཤོམ་མེད་ནི་དེ་གིས་ དགེ་ལེགས་ཕུག་གནམ་ཐང་ནང་ མཐའན་མཇུག་ལུ་ འཕུར་འགྲུལ་ཆ་མེད་གཏང་དགོཔ་ཐོན་ཡོད་པའི་ སྙན་ཞུ་འབད་ཡོདཔ་བཞིན་དུ་ ད་ཚུན་ གནམ་ཐང་དེ་ནང་ གནམ་གྲུ་འཕུར་འགྲུལ་༥ ཆ་མེད་བཏང་ཡོད་པའི་ ཐོ་བཀོད་འབད་ཡོདཔ་ཨིན་པས།
བཀྲིས་སྒང་ཡོན་ཕུ་ལ་ནང་འཁོད་གནམ་ཐང་ནང་ ད་ཚུན་ ཟླཝ་འདི་ནང་ གནམ་གྲུ་ཚར་༡ ཡང་ མ་ལྷོད་པར་ཡོདཔ་ད་ བདུན་ཕྲག་༡ ནང་ ཡོན་ཕུ་ལ་དང་ དགེ་ལེགས་གནམ་ཐང་ནང་ གནམ་གྲུ་ཚར་༡ རེ་ འཕུར་འགྲུལ་འབད་དོ་ཡོདཔ་བཞིན་དུ་ བུམ་ཐང་ལུ་ བདུན་ཕྲག་༡ ནང་ ཚར་༥ འཕུར་འགྲུལ་འབད་དོ་ཡོད་མི་ལས་ ད་ཚུན་ གནམ་གྲུ་འཕུར་འགྲུལ་༣ དེ་ཅིག་ ཆ་མེད་བཏང་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ འཁོར་ལམ་ལེ་ཤ་བསུབས་ཡོད་པའི་ སྙན་ཞུ་ཡང་ ལྷོད་ཡོདཔ་ད་ ལམ་སེལ་ལས་ཁུངས་དང་འཁྲིལཝ་ད་ སྤྱི་ཟླ་༧ པའི་ཚེས་༦ ལས་ར་ ཆརཔ་རྐྱབ་མི་ལུ་བརྟེན་ ཆུ་རུད་དང་ ས་རུད་ རྡོ་ལ་སོགས་པ་ཚུ་ལུ་བརྟེན་ གཞུང་ལམ་ཁག་༢༣ དེ་ཅིག་ བསུབས་ཡོདཔ་བཞིན་དུ་ མང་ཤོས་ར་ དབུས་ཕྱོགས་དང་ ཤར་ཕྱོགས་ཁ་ཐུག་ བསུབས་ཡོད་པའི་ སྙན་ཞུ་ལྷོད་ཡོདཔ་ཨིན་པས།
བཀྲིས་སྒང་ལུ་ ས་ཁོངས་ཁག་༡༥ དེ་ཅིག་ནང་ འཁོར་ལམ་བསུབས་ཡོད་མི་དེ་ མཐོ་ཤོས་ཨིནམ་བཞིན་དུ་ མང་ཤོས་ར་ རྒེད་འོག་ལྟེ་བའི་ འཁོར་ལམ་ཚུ་ཨིནམ་ད་ བཀྲིས་སྒང་དང་ མོང་སྒར་ བསམ་གྲུབ་ལྗོངས་མཁར་དང་ བཀྲིས་གཡང་རྩེའི་ གཞུང་ལམ་ཡང་ ས་ཁོངས་ཁག་༤ དེ་ཅིག་ནང་ བསུབས་ཡོདཔ་ཨིན་པས།
གཞལམ་སྒང་ཏིང་ཏི་སྦིས་ཀྱི་ ལུང་ཕྱོགས་ལམ་སེལ་ལས་ཁུངས་ཡིག་ཚང་ནང་ དགེ་ལེགས་ཕུག་-ཀྲོང་གསར་ ཏིང་ཏི་སྦིས་- པཱན་སྦང་ དེ་ལས་ ཏིང་ཏི་སྦིས་- པར་གླིང་གི་གཞུང་ལམ་བདའ་སྟེ་ འཁོརལམ་ཁག་༡༢ དེ་ཅིག་ བསུབས་ཡོད་པའི་ སྙན་ཞུ་ལྷོད་ཡོདཔ་ཨིན་པས།
བསམ་གྲུབ་ལྗོངས་མཁར་ལུ་འབད་བ་ཅིན་ རྒྱལ་པོའི་ཞིང་-ངང་ལམ་དང་ ངང་ལམ་-པཱན་སྦང་ དེ་ལས་ བཀྲིས་སྒང་-བསམ་གྲུབ་ལྗོངས་མཁརག་གྱི་ གཞུང་ལམ་དེ་ སྤྱི་ཟླ་༧ པའི་ཚེས་༡༥ ཚུན་ སྣུམ་འཁོར་རྒྱུན་འགྲུལ་གྱི་དོན་ལུ་ བཀག་དམ་སྦེ་ ལུས་ཡོདཔ་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༡༠ ལས་ར་ ཀྲོང་གསར་-དགེ་ལེགས་ཕུག་གཞུང་ལམ་བདའ་སྟེ་ རི་བོ་ཏ་ལ་དང་ བུམ་ཐང་- མོང་སྒར་གཞུང་ལམ་བདའ་སྟེ་ མཁའ་འགྲོ་སྤང་ དེ་ལས་ ཀྲོང་གསར་-དགེ་ལེགས་ཕུག་གཞུང་ལམ་བདའ་སྟེ་ དང་དུང་ཟམ་གྱི་ ཉེ་འདབས་ལུ་ འཁོར་ལམ་སྦོམ་སྦེ་ར་ བསུབས་ཡོདཔ་ཨིན་པས།
མོང་སྒར་གླིང་མི་ཐང་ལུ་འབད་བ་ཅིན་ རྒེད་འོག་ལྟེ་བའི་ འཁོར་ལམ་༧ དང་ རྫོང་ཁག་གི་ འཁོར་ལམ་༢ བརྩིས་ཏེ་ རྒྱལ་པོའི་ཞིང་-གོང་རི་དང་ ཀུ་རི་ཟམ་-མོང་སྒར་གྱི་ གཞུང་ལམ་དེ་ཚུ་ སྤྱི་ཟླ་༧ པའི་ཚེས་༡༥ ཚུན་ བཀག་དམ་སྦེ་ ལུས་ཡོདཔ་ཨིན་པས།
དེ་ལས་ ས་རུད་ལེ་ཤ་ཆད་མི་དེ་གིས་ ཀྲོང་གསར་-དགེ་ལེགས་ཕུག་གཞུང་ལམ་བདའ་སྟེ་ ཨོ་སེ་དང་ བོསགི་ཀ་ཊིང་གི་བར་ན་ འཁོར་ལམ་ཁག་ལེ་ཅིག་ བསུབས་ཡོད་པའི་ སྙན་ཞུ་འབད་ཡོདཔ་ཨིན་པས།
ལམ་སེལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ས་བརྐོ་འཕྲུལ་ཆས་དང་ ལས་མི་ཚུ་ ས་ཁོངས་ནང་བཙུགས་ཐོག་ འཁོར་ལམ་དེ་ སེལ་བའི་བསྒང་ཡོད་རུང་ ཆརཔ་མ་ཆད་པར་ ཤུགས་སྦེ་རྐྱབ་མི་དེ་གིས་ བར་ཆད་རྐྱབ་མས་ཟེར་ཨིནམ་ད་ འཁོར་ལམ་ཆུང་ཀུ་རེ་ བསུབས་ཡོད་མི་ཚུ་ བསལ་ཡི་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ ནུབ་མོ་ཆརཔ་མ་ཆད་པར་ རྐྱབ་དོ་ཡོདཔ་ལས་ འཁོར་ལམ་དེ་ ལོག་བསུབས་དོ་ཡོད་མི་བརྟེན་ བསལ་ཚར་མི་ཚུ་ཡང་ སྣུམ་འཁོར་རྒྱུན་འགྲུལ་ག་དེ་སྦེ་ འཐབ་ཚུགས་ག་ སླབ་མི་ཤེས་དོ་ཡོད་རུང་ འཁོར་ལམ་བསུབས་ཡོད་ས་ག་རའི་ནང་ འཕྲུལ་ཆས་བཙུགས་ཏེ་ཡོད་ཟེར་ ཨིན་པས།
འཁོར་ལམ་ཚུ་གི་ གནས་སྟངས་ལེགས་ཤོམ་མེད་མི་ལུ་བརྟེན་ དགེ་འདུ་ཚོང་འབྲེལ་མཐོ་རིམ་སློབ་གྲྭ་དང་ བཀྲིས་སྒང་བཀང་ལུང་མཐོ་རིམ་སློབ་གྲྭ་ལ་སོགས་པའི་ སློབ་ཕྲུག་ཚུ་ ལོག་འོང་ནིའི་དུས་ཚོད་དེ་ ཕར་འགྱངས་འབད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *