ཆར་ཆུའི་དུས་ཚོད་ལུ་ དྲན་ཤེས་བཏོན་དགོཔ།

༉ འདས་པའི་ཉིནམ་དག་པ་ཅིག་གི་རིང་ ཆརཔ་མ་ཆད་པར་རྐྱབ་མི་ལུ་བརྟེན་ ང་བཅས་རའི་ གཞི་རྟེན་མཐུན་རྐྱེན་ཚུ་གི་ནང་ལས་ དམིགས་བསལ་དུ་ རྒྱལ་ཡོངས་ཀྱི་ སྲོག་ཤིང་བཟུམ་ཅིག་ཨིན་མི་ གཞུང་ལམ་ཚུ་ལུ་ གནོད་སྐྱོན་སྦོམ་སྦེ་ར་བྱུང་ནུག།
དཔེ་འབད་བ་ཅིན་ ཐིམ་ཕུག་དང་ ཕུན་ཚོགས་གླིང་གི་བར་ན་དང་ ཀྲོང་གསར་དང་ དགེ་ལེགས་ཕུག་གི་བར་ན་ དེ་ལས་ ཤར་ཕྱོགས་ཁ་ཐུག་ལུ་འབད་བ་ཅིན་ ངང་ལམ་དང་ བསམ་གྲུབ་ལྗོངས་མཁར་གྱི་ གཞུང་ལམ་བར་ན་ ས་གནས་ཐདམ་ཐད་ཁར་ ཆར་ཆུ་ལུ་བརྟེན་ ས་རུད་ཆད་དེ་ འཁོར་ལམ་ཚུ་བསུབས་ཡོདཔ་ལས་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་མ་ཚུགས་པའི་ དཀའ་ངལ་བྱུང་ནུག།
ཕུན་ཚོགས་གླིང་ལུ་འབད་བ་ཅིན་ རྒྱུན་ཆད་མེད་པའི་ཆརཔ་རྐྱབ་མི་ལུ་བརྟེན་ ཨོམ་ཆུ་བྲེས་ཏེ་ མིའི་ཚེ་སྲོག་དང་ རྒྱུ་དངོས་ཚུ་ལུ་ ཉེན་ཁ་བྱུང་ཡོདཔ་ལས་ ས་གནས་ནང་སྡོད་མི་ཚུ་དང་ རྒྱུ་དངོས་ཚུ་ ས་ཁ་མཐོ་སར་ སྤོ་བཤུད་འབད་བཅུག་ནུག།
ང་བཅས་ར་ རི་དང་བྱག་ གངས་རི་ དེ་ལས་ ལུང་གཤོང་ཡོད་པའི་ ས་ཆའི་གནས་སྟངས་ནང་ སྡོད་མི་ཅིག་འབདཝ་ལས་ ཆར་ཆུའི་དུས་ཚོད་ལུ་ ས་རུད་ཆད་ནི་དང་ ཆུ་རུད་འཐོན་ནིའི་ ཉེན་ཁ་སྦོམ་ཡོདཔ་ལས་ དྲན་པ་བཏོན་དགོཔ་འདུག།
ཧེ་མ་དང་ཕྱདཔ་ད་ ད་རེས་ནངས་པར་ བརྒྱུད་འབྲེལ་གྱི་མཐུན་རྐྱེན་ཚུ་ ཡར་དྲག་སོང་ནི་དེ་གིས་ འཁོར་ལམ་བསུབ་ནི་དང་ ས་རུད་ཆད་ནི་ལ་སོགས་པའི་ རང་བཞིན་གྱི་ རྐྱེན་ངན་ཚུ་བྱུངམ་ད་ ཡུདཔ་ཐེངས་ཅིག་ལུ་ར་ མི་སྡེ་བརྡ་བརྒྱུད་ཚུ་ནང་ པར་དང་བཅསཔ་སྦེ་ བརྡ་དོན་ཚུ་ མགྱོགས་དྲགས་སྦེ་ ཁྱབ་སྤེལ་འབད་ཚུགས་ནི་དེ་གིས་ རྐྱེན་ངན་ཚུ་ལས་ གྲ་སྒྲིག་དང་ སྔོན་འགོག་འབད་ནི་ལུ་ སྟབས་བདེ་ཏོག་ཏོ་ཡོདཔ་མ་ཚད་ ཕན་ཐོགས་ཆེ་ཤོས་ཅིག་ཨིན་མས།
ཆར་ཆུའི་དུས་ཚོད་འདི་ནང་ ས་རུད་དང་ ཆུ་རུད་ཚུ་ཐོནམ་མ་ཚད་ འཁོར་ལམ་ཚུ་ ག་དེམ་ཅིག་ར་ བསུབས་ཏེ་འབད་རུང་ མིའི་ཚེ་སྲོག་ལུ་ བར་ཆད་མ་འབྱུང་ནི་དེ་གིས་ ཁ་རྗེ་ཅན་ཅིག་ཨིནམ་ད་ གཅིག་ལས་བལྟ་བ་ཅིན་ ཧེ་མ་དང་ཕྱདཔ་ད་ ང་བཅས་རའི་ རྐྱེན་ངན་གྲ་སྒྲིག་གི་ མཐུན་རྐྱེན་དང་ ལམ་ལུགས་ཚུ་ཡང་ ལེགས་བཅོས་སོང་ནི་དེ་གིས་ཨིན་མས།
རང་བཞིན་གྱི་ རྐྱེན་ངན་ཚུ་བྱུངམ་ད་ གྲ་སྒྲིག་འབད་ནིའི་ ཐབས་ལམ་དྲག་ཤོས་དེ་ར་ དྲན་པ་བཏོན་ནི་དེ་ཨིནམ་ད་ གལ་སྲིད་ འཁོར་ལམ་གྱི་གནས་སྟངས་དེ་ ཉེན་ཁ་ཆེ་སུ་སྦེ་ཡོད་པ་ཅིན་ ཨུ་ཚུགས་མ་རྐྱབ་པར་ འགྲོ་འགྲུལ་འབད་ནི་ལས་འཛེམ་སྟེ་ ཕར་འཕུལ་རྐྱབ་བཞག་དགོཔ་ད་ དེ་གིས་ རང་གི་ཚེ་སྲོག་ལུ་ གནོད་ཉེན་ཆེ་བའི་ རྐྱེན་ངན་ཚུ་ལས་ བཟློག་ཐབས་འབད་ཚུགས།
མ་གཞི་ གནམ་གཤིས་བརྟག་དཔྱད་ལས་ཁུངས་ཀྱིས་ གནམ་གཤིས་གནས་སྟངས་ཀྱི་སྐོར་ལས་ སྔོན་བཤད་འབད་རུང་ ང་བཅས་ར་ གནམ་དང་རྒྱལ་པོའི་ཚོད་མི་མཐོང་ཟེར་ སླབ་སྲོལ་ཡོད་དོ་བཟུམ་སྦེ་ རྐྱེན་ངན་ཚུ་ ནམ་འབྱུང་ནི་ཨིན་ན་ རྩ་ལས་སླབ་མ་ཚུགས་ནི་དེ་གིས་ དྲན་བཏོན་ཐོག་ལུ་ སྡོད་དགོཔ་འདུག།
གནམ་གཤིས་གནས་སྟངས་དང་གཅིག་ཁར་ གདོང་ལེན་འབད་ནིའི་དོན་ལུ་ ད་རེས་ནངས་པར་ རྒྱལ་ཁབ་མཐའ་དབུས་མེད་པར་ དཔེ་འབད་བ་ཅིན་ སྣུམ་འཁོར་ལམ་བསུབ་པ་ཅིན་ བསལ་གཏང་ནིའི་དོན་ལུ་ ས་བརྐོ་འཕྲུལ་ཆས་ཚུ་ གྲ་སྒྲིག་ཡོད་པའི་ཁར་ སྣུམ་འཁོར་གྱི་ མར་ཁུ་བཟུམ་ཅིག་འབད་རུང་ ལམ་ཆད་པ་ཅིན་ དཀའ་ངལ་མི་འབྱུང་ནིའི་དོན་ལུ་ མར་ཁུའི་མཛོད་ཁང་ཚུ་ནང་ གསོག་འཇོག་འབད་དེ་ཡོདཔ་ལས་ བཀྲམ་སྤེལ་ལུ་ བར་ཆད་མི་འབྱུང་ནི་ཨིན་མས།
དེ་བཟུམ་སྦེ་ བཟའ་འཐུང་གི་རིགས་ཚུ་འབད་རུང་ གལ་སྲིད་འཁོར་ལམ་ཆད་དེ་ སྐྱེལ་འདྲེན་འབད་མ་ཚུགས་པ་ཅིན་ གཞུང་གིས་ མཛོད་ཁང་ཚུ་ནང་ གསོག་འཇོག་འབད་དེ་ཡོད་ནི་དེ་གིས་ དེ་འཕྲོ་ལས་ དཀའ་ངལ་མེད་པར་ བཀྲམ་སྤེལ་འབད་ནི་ལུ་ གྲ་སྒྲིག་འདུག།
དེ་ཡང་ གཙོ་བོ་ར་ རང་བཞིན་གྱི་ རྐྱེན་ངན་ཚུ་འབྱུང་བའི་སྐབས་ མི་ཚུ་རྣམ་རྟོག་ལང་ནི་དང་ སེམས་སྡུག་འབྱུང་མི་བཅུག་ནིའི་དོན་ལུ་ ང་བཅས་རའི་ འཆར་གཞི་ལམ་ལུགས་ཚུ་ ལེགས་ཤོམ་བཟོ་སྟེ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *