ཆར་ཆུ་གིས་ གནོད་སྐྱོན་རྐྱབ་པའི་ དྲན་ཚོར་དང་ཐབས་ལམ།

༉ ཁ་ཙ་ལས་ རྒྱལ་ཁབ་ནང་ འགྲོས་ཀྱིས་སྦེ་ ཉིམ་ཤར་ནི་ འགོ་བཙུགས་མི་ལུ་བརྟེན་ སྤྱིར་བཏང་སོ་ནམ་པ་ཚུ་ དུམ་གྲ་ཅིག་ བློ་བདེ་དགོཔ་བྱུང་རུང་ འབྱ་བརྔ་ཚར་མི་ཚུ་གི་དོན་ལུ་ དབུགས་འགམ་པའི་ གཞི་གནད་ཅིག་ལུ་ གྱུར་ནུག།

ཨ་རྟག་འབད་བ་ཅིན་ དུས་ཚོད་འ་ནེམ་ཅིག་ཁར་ སོ་ནམ་པ་ཚུ་གིས་ དཀའཝ་སྤྱད་པའི་ གྲུབ་འབྲས་དངོས་མཐོང་སྦེ་ འབྱུང་ཚུགསཔ་ཨིན་རུང་ དུས་ཅི་ དཔྱད་རིག་རྣམ་རྟོག་མེད་པར་ ཆརཔ་རྒྱུན་ཆད་མེད་པར་ རྐྱབ་མི་ལུ་བརྟེན་ འབྱ་བསྡུ་སྟེ་ སྐམ་བཞག་མི་ཚུ་ ཆ་མཉམ་ར་ མེདཔ་བཏངམ་ལས་ བཟོད་མ་ཚུགས་པའི་ སེམས་སྡུག་བྱུང་ནུག།

མ་གཞི་ བདེ་སྲུངཔ་དང་ ཁས་བླངས་པ་ཚུ་གིས་ ཨ་རིང་ཚུ་ནང་ ཆུ་འཁྱིལ་སྡོད་མི་ཚུ་ བཏོན་གཏང་ནི་ལུ་ ཆ་རོགས་འབད་ཡོདཔ་ཨིན་རུང་ འབྱ་བརྔ་ཚར་ཏེ་ བརྡལ་བཞག་མི་ཚུ་གི་ཐད་ཁར་ སྤུས་ཚད་ལུ་གནོད་ནི་ཨིནམ་ལས་ བཟའ་སྤྱོད་འབད་རུང་ ཨ་རྟག་གི་ཆུམ་དང་ཕྱདཔ་ད་ བྲོཝ་མེད་ནི་ཨིན་མས།

གནམ་གཤིས་གནས་སྟངས་ཀྱི་ རང་བཞིན་འགྱུར་བགྲོད་དང་འཁྲིལཝ་ད་ ཞིང་པ་ཚུ་གིས་ འབད་ཐབས་ཅིག་ ག་ནི་ཡང་མེད་རུང་ ད་ལས་ཕར་ གནམ་གཤིས་ཀྱི་ བརྡ་དོན་ཚུ་དང་འཁྲིལ་ཏེ་ རང་སོའི་ སོ་ནམ་ཞིང་ལཱ་གི་ འཆར་གཞི་བཟོ་ཞིནམ་ལས་ འབད་ཚུགས་ནི་ཨིན་མས།

དེ་ཡང་ ག་འཆརཔ་ཟེར་བ་ཅིན་ འཕྲུལ་རིག་དང་ མཁས་རིག་ཚུ་ ཡར་རྒྱས་འགྱོ་མི་དང་བསྟུན་ ཉིན་བསྟར་བཞིན་དུ་ གནམ་གཤིས་གནས་སྟངས་ཀྱི་ སྔོན་བཤད་ཚུ་ ངེས་བརྟན་འབད་ནི་དེ་གིས་ཨིན།

དཔེ་འབད་བ་ཅིན་ རྒྱལ་ཡོངས་ཆུ་དཔྱད་དང་གནམ་གཤིས་བརྟག་དཔྱད་ལྟེ་བ་གིས་ ཁ་ཙ་ཚུན་ ཉིན་གྲངས་༣ གྱི་རིང་ ཆརཔ་རྐྱབ་ནི་ཨིན་པའི་ སྔོན་བཤད་འབད་མི་དང་བསྟུན་ ང་བཅས་ཀྱིས་ ཞིང་ལཱ་ཚུ་འབད་བ་ཅིན་ ཆརཔ་ལུ་བརྟེན་པའི་གནོད་སྐྱོན་ ཉུང་སུ་ཅིག་ལས་ མི་འབྱུང་ནི་ཨིན་མས།

རྫོང་ཁག་༢༠ གི་དོན་ལུ་ གནམ་གཤིས་གནས་སྟངས་ཀྱི་ སྔོན་བཤད་དེ་ ཕྱི་རུ་ཨ་རྟག་ར་ རྒྱལ་ཡོངས་རྒྱང་མཐོང་ཊི་བི་དང་ གསར་ཤོག་ དེ་ལས་ ཡོངས་འབྲེལ་འཆར་སྒོ་གཞན་ཚུ་ནང་ འབད་དོ་ཡོདཔ་ཨིན་རུང་ ང་བཅས་ར་ མང་ཤོས་ཅིག་གིས་ར་ མི་བལྟ་དོ་ཡོདཔ་མ་ཚད་ གནམ་གཤིས་ཀྱི་ སྔོན་བཤད་དང་འཁྲིལ་ཏེ་ ལཱ་གི་འཆར་གཞི་ཚུ་ མི་བཟོ་དོ་ཡོདཔ་ཨིན་མས།

གཡུས་ཁར་སྡོད་མི་ སོ་ནམ་པ་ཚུ་ ཤེས་ཡོན་མེད་པ་ལུ་བརྟེན་ ཧ་གོ་མ་ཚུགས་རུང་ ཤེས་ཡོན་ཡོད་མི་ རང་སོའི་ཨ་ལོ་ཚུ་གིས་ གནམ་གཤིས་ཀྱི་ སྔོན་བཤད་སྐོར་ལས་ ཕམ་ཚུ་ལུ་ བརྡ་དོན་སྤེལ་བ་ཅིན་ ད་རེས་བཟུམ་སྦེ་ ལོ་ཐོག་ལུ་ གནོད་སྐྱོན་རྐྱབ་ནི་ལས་ ཟུར་ཐབས་འབད་ཚུགས་ནི་ཨིན་མས།

དེ་ཡང་ ཕྱོགས་གཅིག་ལས་བལྟ་བ་ཅིན་ སློབ་ཁང་ལས་བརྒལ་ཏེ་ ཤེས་ཡོན་ལག་ལེན་འཐབ་མ་ཚུགས་པའི་སྐྱོན་དང་ ཡང་ཅིན་ དེང་སང་འཕྲུལ་རིག་གི་ མཐུན་རྐྱེན་ཚུ་ ལག་ལེན་འཐབ་མ་ཚུགས་པའི་ སྐྱོན་ཨིན་མས།

དཔྱེ་འབད་བ་ཅིན་ ང་བཅས་རའི་ འགྲུལ་འཕྲིན་མོ་བཱ་ཡེལ་གྱི་ གནམ་གཤིས་རིམ་ལུགས་ནང་ དུས་རྒྱུན་དུ་ གནམ་གཤིས་གནས་སྟངས་ དུས་མཐུན་བཀོད་མི་དེ་ ཧ་ལམ་ ངེས་བརྟན་ཡོད་རུང་ སྣང་མེད་སྐྱུར་བཞགཔ་ཨིན་མས།

གནམ་གཤིས་གནས་སྟངས་ འགྱུར་བགྲོད་འགྱོ་མི་ལུ་བརྟེན་ ཆར་དུས་ཡང་ འགྱུར་འགྱོ་དོ་ཡོདཔ་ལས་ དུས་ཚོད་ཁར་ ཆརཔ་མ་རྐྱབ་པའི་ཁར་ གནོད་ཉེན་ཚུ་ འབྱུང་བཅུགཔ་ཨིན་མས།

ད་རེས་ནངས་པར་ ཆུ་དཔྱད་རིག་པའི་བརྡ་དོན་ཚུ་ ངེས་བརྟན་དང་ ཡུན་བརྟན་ དུས་མཐུན་ཡོདཔ་ལས་ སོ་ནམ་ཞིང་པ་རྐྱངམ་གཅིག་ལུ་མེན་པར་ ང་བཅས་རའི་ འཆར་གཞི་བརྩམ་མི་དང་ གྲོས་ཐག་གཅད་མི་ཚུ་ལུ་ཡང་ ཕན་ཁྱད་ཡོདཔ་ལས་ བསྟར་སྤྱོད་འབད་དགོཔ་འདུག།

རྒྱལ་ཡོངས་ཆུ་དཔྱད་དང་གནམ་གཤིས་བརྟག་དཔྱད་ལྟེ་བ་གིས་ དམིགས་བསལ་དུ་ སོ་ནམ་ཞིང་པ་ཚུ་ལུ་ གནམ་གཤིས་ཀྱི་ སྔོན་བཤད་འབད་ནིའི་ཐད་ཁར་ གཙོ་རིམ་བཟུང་སྟེ་ འགན་འཁྲི་འབག་དགོཔ་འདུག།

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *