ཆང་ལུ་བརྟེན་ འདས་པའི་ལོ་༦ ནང་ མི་གྲངས་༧༦༧ ལུ་ ཤི་རྐྱེན་བྱུང་ཡོདཔ།

༉ གསོ་བ་ལྷན་ཁག་གི་ གནས་སྡུད་དང་འཁྲིལཝ་ད་ འབྲུག་ལུ་ ཆང་འཐུང་མིའི་གྱངས་ཁ་ མཐོ་དྲགས་སྦེ་ར་ཡོདཔ་བཞིན་དུ་ འདས་པའི་ལོ་༦ ནང་ མི་གྲངས་༧༦༧ ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།

ཆང་ལུ་བརྟེན་ དམིགས་བསལ་དུ་ མཆིན་པ་དང་འབྲེལ་བའི་ ནད་གཞི་ཐོབ་དོ་ཡོདཔ་ད་ འགྲོས་ཀྱིས་སྦེ་ ཤི་རྐྱེན་བྱུང་དོ་ཡོདཔ་ཨིན་པས།

གསོ་བའི་སྙན་ཞུ་༢༠༢༠ ཅན་མ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༩ ལུ་ ཆང་དང་འབྲེལ་བའི་ མཆིན་པའི་ནད་གཞི་ལུ་བརྟེན་ མི་གྲངས་༡༣༩ ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ གྱངས་ཁ་དེ་ གཞན་མི་ནད་གཞི་ཚུ་ལུ་བརྟེན་ ཤི་རྐྱེན་བྱུང་མི་ཚུ་དང་ཕྱདཔ་ད་ མཐོ་ཤོས་ཨིན་པས།

ཆང་ལུ་བརྟེན་ མཆིན་པའི་ནད་གཞི་དེ་ འབྲུག་ལུ་ ཤི་རྐྱེན་གྱི་གནད་དོན་ གཙོ་ཅན་ཅིག་སྦེ་ གནས་ཏེ་ཡོདཔ་ད་ འདས་པའི་ལོ་༥ འི་ གནས་ཐོ་དང་འཁྲིལཝ་ད་ ཤི་རྐྱེན་བརྒྱ་ཆ་༣༠ ཆང་ལུ་བརྟེན་ཏེ་ བྱུང་ཡོདཔ་ཨིན་པས།

སྤྱི་ལོ་༢༠༡༧ ལུ་ཡང་ རྒྱལ་ཡོངས་ཚོགས་སྡེའི་ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གིས་ གསུང་གྲོས་ཀྱི་དོན་ལུ་ སྙན་ཞུ་ཅིག་ ཕུལ་མིའི་ནང་ ལོ་བསྟར་བཞིན་དུ་ རྒྱལ་ཁབ་ནང་ མི་གྲངས་༡༠༠ དེ་རེ་ ཆང་ལུ་བརྟེན་ ཤི་དོ་ཡོདཔ་སྦེ་བཀོད་ནུག།

གཞུང་གིས་ ཆང་སྤྱོད་མིའི་གནས་སྟངས་ ཚད་འཛིན་འབད་ནིའི་དོན་ལུ་ ཆང་གི་སྲིད་བྱུས་དམ་སྒྲིང་ཅིག་ བཟོ་དགོ་པའི་ གྲོས་ཐག་བཅད་ཡོདཔ་བཞིན་དུ་ ཆང་གི་ཁྲལ་དང་ གོང་ཚད་སྲིད་བྱུས་ཚུ་ བཟོ་སྟེ་འདུག།

ད་རེས་ འབྲུག་ལུ་ཡོད་པའི་ འཛམ་གླིང་གསོ་བའི་ལས་ཚོགས་དང་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་༢ ཀྱིས་ མཉམ་རུབ་ཐོག་ལས་ ཆང་གི་ཁྲལ་དང་ གོང་ཚད་ཀྱི་སྲིད་བྱུས་དེ་ བསྐྱར་ཞིབ་འབད་དེ་ མདུན་ལམ་ཚུ་ བཀོད་དེ་འདུག།

བསྐྱར་ཞིབ་སྙན་ཞུ་དང་འཁྲིལཝ་ད་ བཙོང་སའི་ས་ཁོངས་དང་ ལག་ལེན་ས་ཁོངས་ཀྱི་ཐད་ལུ་ ཆང་གི་ཆོག་ཐམ་གྱི་ ཁྲལ་ཡར་སེང་འབད་དགོཔ་ད་ ཆོག་ཐམ་གསརཔ་ལེན་ནི་དང་ བསྐྱར་གསོ་འབད་ནིའི་ནང་ དགོས་མཁོ་ཐེབས་ བཟོ་དགོཔ་སྦེ་བཀོད་ནུག།

སྙན་ཞུ་དང་འཁྲིལཝ་ད་ ཆོག་ཐམ་ཚུ་ ཇོ་བདག་ངོ་མ་གིས་འབད་ར་ བསྐྱར་གསོ་འབད་དགོཔ་ད་ ཆང་བཙོང་མི་ཚུ་ལུ་ སྦྱོང་བརྡར་ལས་རིམ་ཚུ་ དགོས་མཁོ་ཐེབས་སྦེ་ བཙུགས་དགོཔ་ཨིན་པས།

དེ་མ་ཚད་ ཆང་གི་ ཆོག་ཐམ་གྱངས་ཁ་ ཚད་འཛིན་འབད་ནི་དང་ ཆང་སྤྱོད་ནི་དང་ བཙོང་མ་ཆོག་པའི་ ས་ཁོངས་ཚུ་ བསྐྱར་འགྲེལ་འབད་དགོཔ་སྦེ་ བཀོད་དེ་འདུག།

དེ་བཟུམ་སྦེ་ ཆང་གི་གོང་ཚད་དང་ ཁྲལ་གྱི་སྲིད་བྱུས་ཀྱི་ཐད་ལུ་ ཆང་ཁྲལ་གྱི་ལམ་ལུགས་ སོར་བསྒྱུར་འབད་དགོཔ་ད་ དམིགས་བསལ་གི་ ཁྲལ་གཞི་བཙུགས་འབད་དགོཔ་ དེ་ལས་ ཆང་བཟོ་ཁང་ཚུ་གིས་ སྤུས་ཚད་ཆུང་བའི་ ཆང་གི་རིགས་ ཐོན་སྐྱེད་འབད་ནི་ཚུ་ འཚམས་འཇོག་འབད་དགོ་པའི་ མདུན་ལམ་བཀོད་དེ་འདུག།

དེ་བཟུམ་སྦེ་ རང་སོའི་ཁྱིམ་ནང་བཟོ་མི་ ཆང་གི་རིགས་བཙོང་ནི་ བཀག་འཛིན་འབད་དགོཔ་ཚུ་ཡང་ བཀོད་དེ་འདུག།

གསོ་བའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ མ་གཞི་ གཞུང་གིས་ ཧེ་མ་ལས་ར་ ཆང་མར་ཕབ་འབད་ནིའི་དོན་ལུ་ སྲིད་བྱུས་ཚུ་ ལེ་ཤ་ཅིག་ར་ བཟོ་ཡོདཔ་ཨིན་རུང་ ད་རེས་ སྲིས་བྱུས་ཚུ་ བསྐྱར་ཞིབ་འབད་དེ་ མདུན་ལམ་བཀོད་མི་གིས་ ད་ལྟོ་ཡོད་པའི་དཀའ་ངལ་ཚུ་ སེལ་ཐབས་འབད་ནི་ལུ་ ཕན་ཐོགས་འོང་ཟེར་ཨིན་པས།

ཆང་ལུ་བརྟེན་ མི་སྡེ་དང་འབྲེལ་བའི་ དཀའ་ངལ་ཚུ་གིས་མ་ཚད་ སྨན་བཅོས་ཀྱི་དོན་ལུ་ ཟད་འགྲོ་སྦོམ་སྦེ་ར་ གཏང་དགོཔ་ལས་ དཔལ་འབྱོར་གྱི་གནོད་པ་ཡང་ སྦོམ་སྦེ་ར་ ཡོདཔ་ཨིན་པའི་གནས་ཚུལ།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *