ཆང་བི་ཡར་གྱི་གོང་ཚད་ ཡར་སེང་སོང་ཡོདཔ།

༉ མོང་སྒར་ཁྲོམ་ཁར་ འདས་པའི་ཟླཝ་ཕྱེད་དང་༢ ཀྱི་རིང་ ནང་འཁོད་ལས་ ཐོན་སྐྱེད་འབད་མི་ ཆང་བི་ཡར་ ལ་གར་དང་ འབྲུག་༡༡,༠༠༠ གི་གོང་ཚད་ཚུ་ ཡར་སེང་སོང་ཡོདཔ་ཨིན་པས།

ད་རེས་ནངས་པར་ ཆང་ཁང་དང་ ཟ་ཁང་མང་ཤོས་ཅིག་ནང་ བི་ཡར་ལ་གར་དང་ འབྲུག་༡༡,༠༠༠ དམ་སྦྱིས་རེ་ལུ་ ཉུང་ཤོས་དངུལ་ཀྲམ་༡༠༠ རེ་སྦེ་ བཙོང་དོ་ཡོདཔ་ད་ ཟ་ཁང་ལ་ལོ་ཅིག་ནང་ དངུལ་ཀྲམ་༡༣༠ དང་༡༥༠ འི་བར་ན་སྦེ་ བཙོངམ་ཨིན་མས།

མི་མང་ཤོས་ཅིག་གིས་ གདམ་ཁ་རྐྱབ་དོ་ཡོད་པའི་ ཆང་བི་ཡར་རིགས་༢ ཀྱི་ གོང་ཚད་ཡར་སེང་འགྱོ་མི་དེ་ཡང་ ཚོང་པ་ཚུ་དང་འཁྲིལཝ་ད་ དཔག་བསམ་ཁ་ལུ་ཡོད་པའི་ བཟོ་གྲྭའི་འཕྲུལ་ཁང་ནང་ལས་ མཁོ་འདོད་དང་འཁྲིལ་ ཐོན་སྐྱེད་འབད་མ་ཚུགས་ནི་དེ་གིས་ཨིནམ་སྦེ་ བཤདཔ་ཨིན་པས།

མོང་སྒར་ཁྲོམ་ཁར་ བི་ཡར་ཚོང་ལས་ངོ་ཚབ་༢ ཡོད་མི་ཚུ་ཡང་ བཀྲིས་དབང་རྒྱལ་ཚོང་ཁང་དང་ པི་ཨར་ཚོང་འབྲེལ་ལས་སྡེ་༢ ཨིནམ་ད་ ངོ་ཚབ་༢ ཀྱི་ ཇོ་བདག་ཚུ་དང་འཁྲིལཝ་ད་ ཁོང་གིས་ ཚོང་པ་ཚུ་ལུ་ བཀྲམ་སྤེལ་འབད་ནིའི་དོན་ལུ་ ཊིན་གྱི་བི་ཡར་རིགས་༢ བཟོ་གྲྭ་ཁང་ནང་ལས་ སྣུམ་འཁོར་ཊཱག་དོས་རེ་ལུ་ སྔོན་བྱིན་དངུལ་ཀྲམ་ས་ཡ་༡.༡ དེ་ཅིག་སྤྲོད་དེ་ ཟླཝ་ཕྱེད་དང་༢ དེ་ཅིག་ལང་ཡོད་རུང་ ད་ལྟོ་ཡང་ བགོ་བཤའ་མ་ཐོབ་པར་ ཡོད་ཟེར་ཨིན་པས།

བི་ཡར་ཚོང་ལས་ཀྱི་ཇོ་བདག་ ཆོས་ཉིད་དབང་མོ་གིས་ སླབ་མིའི་ནང་ ཆང་བི་ཡར་ཚུ་ དུས་ཚོད་ཁར་ མ་ཐོབ་མི་དེ་ཡང་ བཟོ་གྲྭ་ཁང་གིས་ ཚོང་མགྲོན་པའི་ མཁོ་འདོད་གྲུབ་མ་ཚུགས་མི་ལུ་བརྟེན་ཨིནམ་ད་ དཀའ་ངལ་དེ་ དུས་ཚོད་འ་ནེམ་ཅིག་ནང་ ལོ་བསྟར་བཞིན་དུ་ ཐོན་བཞིན་དུ་ཡོད་ཟེར་ཨིན་པས།

ཆོས་ཉིད་དབང་མོ་གིས་ སླབ་མིའི་ནང་ ཨ་རྟག་གི་དུས་ཚོད་ལུ་ འབྲུག་༡༥༠༠༠ བི་ཡར་དེ་ གཞན་དང་ཕྱདཔ་ད་ གོང་ཚད་ཉུང་ཤོས་ཨིན་རུང་ ད་རེས་ གཞན་བི་ཡར་གྱི་རིགས་མེད་པའི་དུས་ཚོད་ལུ་ ཊཱག་དོས་༡ དེ་ཅིག་ བཙོང་ཚུགས་ཡི་ཟེར་ཨིན་པས།

བཀྲིས་དབང་རྒྱལ་ཚོང་ཁང་གི་ཇོ་བདག་ པདྨ་བཟང་མོ་གིས་ སླབ་མིའི་ནང་ ཊིན་གྱི་བི་ཡར་མེད་པའི་དུས་ལུ་ འབྲུག་༡༥,༠༠༠ དེ་ ཧེ་མ་ཟླཝ་༢ དེ་ཅིག་ནང་ ཊཱག་དོས་རེ་ བཙོང་ཚུགས་མི་དེ་ ད་རེས་ ཟླཝ་༡ ནང་ ཊཱག་༡ དེ་ཅིག་ བཙོང་ཚུགས་ཡི་ཟེར་ཨིན་པས།

མོ་གིས་ སླབ་མིའི་ནང་ བི་ཡར་གྱི་གོང་ཚད་ ཡར་སེང་འགྱོ་མི་དེ་ཡང་ ཁྲོམ་ཁར་ བི་ཡར་ལངམ་སྦེ་མེད་མི་ལུ་བརྟེན་ བར་འབྲེལ་འཐབ་མི་ཚུ་གིས་ གཞན་ཁ་ལས་ལེན་ཏེ་ བཙོང་ནི་དེ་གིས་ ཨིན་མས་ཟེར་ཨིན་པས།

མོ་གིས་ཡང་ བཟོ་གྲྭ་ཁང་ལས་ བི་ཡར་ལ་གར་དང་ འབྲུག་༡༡,༠༠༠ མཁོ་མངགས་འབད་དེ་ ཟླཝ་ལྷག་ཡོད་མི་དེ་ མགྱོགས་པར་ལྷོད་ནིའི་རེ་བ་ཡོད་ཟེར་ཨིན་པས།

ཚོང་མགྲོན་པ་ཚུ་གིས་ སླབ་མིའི་ནང་ ཁྲོམ་ཁར་ཆང་མེད་པའི་དུས་ལུ་ ཚོང་པ་ལ་ལོ་ཅིག་གིས་ གོང་ཚད་ཡར་སེང་རྐྱབ་སྟེ་ བཙོངམ་མས་ཟེར་ཨིནམ་ད་ ཤར་ཕྱོགས་ལུང་ཕྱོགས་ཀྱི་ བི་ཡར་ངོ་ཚབ་ལ་ལོ་ཅིག་གིས་ བི་ཡར་ཚུ་ ནུབ་ཕྱོགས་ཀྱི་ཁྲོམ་ཚུ་ནང་ གོང་སེང་སྟེ་ བཙོང་ནི་དེ་གིས་ ལང་མ་ཚུགས་པའི་ དཀའ་ངལ་ཐོནམ་མས་ཟེར་ཨིན་པས

ཨིན་རུང་ ཁ་ཙ་ལས་ མོང་སྒར་ལུ་ ཆང་བི་ཡར་གྱི་ ངོ་ཚབ་༢ པོ་ཆ་རང་ལུ་ དམ་སྦྱིས་ནང་འབད་མི་ འབྲུག་༡༡,༠༠༠ ཊཱག་དོས་རེ་ ལྷོད་མི་དེ་གིས་ གོང་ཚད་མར་འབབ་ འགྱོ་བའི་ རེ་བ་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ མོང་སྒར་ལུ་ སྐྱ་རྣམ་གྱི་གོང་ཚད་ཚུ་ཡང་ ཡར་སེང་སོང་ཡོདཔ་ད་ ཚོང་མགྲོན་པ་ཚུ་དང་འཁྲིལཝ་ད་ ལི་ཊར་༥ འབད་མི་ མར་ཁུའི་གོང་ཚད་ཡང་ ཧེ་མ་ དངུལ་ཀྲམ་༥༤༠ དེ་ཅིག་འབད་མི་དེ་ ད་རེས་ནངས་པར་ དངུལ་ཀྲམ་༧༠༠ དེ་ཅིག་ལུ་ ཡར་སེང་འགྱོཝ་མ་ཚད་ མར་ཀྲིན་ཀེ་ཇི་རེ་ལུ་ ཧེ་མ་༡༠༠ རེ་འབད་མི་དེ་དངུལ་ཀྲམ་༡༣༥ དང་ བ་མར་ཀེ་ཇི་རེ་ལུ་༣༠༠ ལས་༤༥༠ དེ་ལས་ ཚོད་བསྲེ་གི་རིགས་ཚུ་ཡང་ གོང་ཚད་ཡར་སེང་ སོང་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *