ཆང་བཀལ་བའི་བསྒང་།

ཆང་བཀག་དམ་འབད་མི་གིས་ མི་སྡེ་དཔལ་འབྱོར་གོང་འཕེལ་ལུ་ཕན་ཐོགས།

༉ དུས་ཅི་ ལོ་འགོ་བཙུགསཔ་ཅིག་ལས་ཚུར་ ཐང་རོང་རྒེད་འོག་ནང་ ཨ་རྟག་བཟུམ་སྦེ་ ཆང་ག་ལྷོད་སྤྱོད་མ་ ཆོགཔ་སྦེ་ བཀག་དམ་འབད་བའི་ཤུལ་ལུ་ མི་སྡེ་གོང་འཕེལ་གཏང་ནི་ལུ་ ལྷན་ཐབས་བྱུང་ཡོདཔ་ཨིན་པས།
དེ་ཡང་ འདས་པའི་ལོ་ཚུ་ནང་བཟུམ་སྦེ་ ཚེས་བཅུ་དང་ དམངས་ཀྱི་རིམ་གྲོ་ འཛོམས་འདུ་ དེ་ལས་ རང་སོའི་ ཁྱིམ་ནང་ གསོན་གཤིན་གྱི་ རིམ་གྲོ་འགོ་འདྲེན་འཐབ་པའི་སྐབས་ ཆང་གི་རིགས་འབག་མ་ཆོགཔ་སྦེ་ ས་ གནས་གཞུང་གི་འགོ་ཁྲིདཔ་དང་ མི་སེར་ཚུ་གི་བར་ན་ གྲོས་འབད་ཐོག་ལས་ བཀག་དམ་གྱི་ སྒྲིག་གཞི་ བཟོ་ཡོདཔ་ཨིན་པས།
བའུ་ཆོས་གླིང་སྤྱི་འོག་ལས་ སྐྱེས་ལོ་༢༦ ལང་མི་ བསོད་ནམས་བཟང་མོ་གིས་ སླབ་མིའི་ནང་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ རང་གི་ཁྱིམ་ནང་མ་ཚད་ མི་སྤུངས་འཛོམས་འབད་བའི་སྐབས་དང་ ཚེས་བཅུ་ རིམ་གྲོ་ དེ་ ལས་ གསོན་གཤིན་གྱི་དགེ་རྩ་སྒྲུབ་སར་ ཆང་འབག་ནི་དང་ སྤྱོད་ནི་ལ་སོགས་པ་ཚུ་ མ་ཆོགཔ་སྦེ་ སྒྲིག་གཞི་བཟོ་མི་གིས་ མི་སྡེའི་ནང་ དཀའ་ངལ་ལེ་ཤ་ཅིག་ར་ སེལ་ཚུགས་ཅི་ཟེར་ཨིན་པས།
གླིང་མཁར་གཡུས་ཚན་ལས་ སྐྱེས་ལོ་༤༥ ལང་མི་ ནོར་བུ་གིས་ སླབ་མི་དང་འཁྲིལཝ་ད་ འདས་པའི་ལོ་ཚུ་ནང་ འབད་བ་ཅིན་ ལཱ་ག་ཅི་ར་འབད་རུང་ ཆང་དེ་མེད་ཐབས་མེདཔ་ཅིག་སྦེ་ ལག་ལེན་འཐབ་ཡོད་མི་དེ་ཡང་ ལཱ་འབད་ མི་ཚུ་ལུ་ ཆང་བྱིན་ནི་མེད་པ་ཅིན་ སྐྱོན་བརྗོད་འབད་བའི་ ལམ་སྲོལ་ཡོད་ནི་དེ་གིས་ ཨིན་ཟེར་ཨིན་པས།
ཆང་བཟོ་ནིའི་དོན་ལུ་ ལོ་༡ ཞིང་ནང་ ལཱ་འབད་མིའི་ཐོན་སྐྱེད་ཀྱི་ བརྒྱ་ཆ་ལས་འབད་བ་ཅིན་ བརྒྱ་ཆ་༥༠ དེ་ཅིག་ ཆང་གི་དོན་ལུ་ ལག་ལེན་འཐབ་མི་གིས་ མི་སེར་ཚུ་ལུ་ འཚོ་བའི་མཐུན་རྐྱེན་ལང་མ་ཚུགས་པའི་ དཀའ་ངལ་སྦོམ་ར་མྱོང་སྡོད་ཅི་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ མི་དམངས་སྤུངས་འཛོམས་འབད་སར་ འཐབ་འཛིང་འབད་མི་དང་ གཉེན་གྲོགས་ཀྱི་བར་ན་ བྱ་སྟབས་མ་བདེཝ་ མི་སེར་ནང་འཁོད་ལུ་ ཕུང་སྲིད་ཚུ་ག་ར་ ཆང་སྤྱོད་མི་ལུ་བརྟེན་ཨིནམ་ལས་ ད་ལས་ཕར་ ཆང་བཀག་དམ་འབད་མི་གིས་ མི་སེར་ཚུ་ལུ་ ཕན་ཐོགས་སྦོམ་ར་ འབྱུང་ཚུགས་ནི་མས་ཟེར་ བསམ་འཆར་བཀོདཔ་ཨིན་པས།
རྒེད་འོག་ སྨན་ཁང་གི་སྨན་གཡོགཔ་ བློ་ལྡན་ཆོས་རྒྱལ་གྱིས་ སླབ་མིའི་ནང་ སྨན་ཁང་ནང་ ཆང་ལུ་བརྟེན་ ནད་གཞི་ཐོབ་མི་ནདཔ་ ལེ་ཤ་འོང་བའི་ ཐོ་བཀོད་འབད་འབདཝ་མེད་རུང་ རྒན་རྒས་དག་པ་ཅིག་འོང་མི་ཚུ་ གནད་དོན་འདི་ལུ་བརྟེན་ཨིནམ་ལས་ ད་རེས་ཁོང་ཆ་ཁྱབ་ ཤི་སོ་ནུག་ཟེར་ཨིན་པས།
ད་ལས་ཕར་ ཆང་ལུ་བརྟེན་པའི་ནད་གཞི་སྐོར་ གཡུས་བཤལ་རྐྱབ་སྟེ་ མི་སེར་ལུ་ གོ་བ་བརྡ་སྤྲོད་འབད་ནིའི་ལས་ རིམ་ཚུ་ཡོད་ཟེར་ཨིན་པས།
རྒཔོ་བཅོ་ལྔ་གིས་ འབད་བ་ཅིན་ རྒེད་འོག་ནང་ ཆང་མངམ་སྦེ་བཟོ་ནི་དང་ བཙོང་ནི་ དེ་ལས་ ཚེས་བཅུ་རིམ་གྲོ་ ལ་སོགས་པའི་ནང་ འཆང་སྤྱོད་འབད་མ་ཆོགཔ་སྦེ་ བཟོ་མི་དེ་ཡང་ ཆང་ལུ་བརྟེན་ དཀའ་ངལ་སྣ་ཚོགས་འབྱུང་མི་ དེ་ བསལ་ཐབས་ལུ་དམིགས་གཏད་ཨིན་ཟེར་ཨིན་པས།
ཆང་འཐུང་མི་ཚུ་གིས་ ལཱ་ག་ཅི་ར་འབད་རུང་ མཐར་འཁྱོལ་ཅན་སྦེ་ འབད་མ་ཚུགས་པའི་ཁར་ ཆང་ལུ་བརྟེན་ གཞན་ལཱ་འབད་མི་ཚུ་ཡང་ མེདཔ་གཏང་དོ་ཡོདཔ་ལས་ ད་ལས་ཕར་ ཆང་འདི་རྩ་ལས་ར་ འཐུང་མ་ཆོགཔ་སྦེ་ བཀག་ཆ་འབད་ཡི་ཟེར་ རྒཔོ་བཅོ་ལྔ་གིས་ སླབ་ཨིན་པས།
དམངས་མི་གིས་ འབད་བ་ཅིན་ སྤྱི་ལོ་༢༠༡༧ ལོ་ནང་ ཆང་ལུ་བརྟེན་པའི་ དཀའ་ངལ་༣༠ ཐོ་བཀོད་འབད་མིའི་ནང་ མང་ཤོས་ར་ འཐབ་འཛིང་དང་ བྱ་ངན་འབད་མི་ཨིནམ་ལས་ དུས་ཅི་ སྒྲིག་གཞི་ལག་ལེན་འཐབ་ཞིནམ་ལས་ཚུར་ མི་༢ ལས་བརྒལ་མ་ཐོན་ཟེར་ཨིན་པས།
གལ་སྲིད་ མི་ག་ར་འབད་རུང་ ཆང་འཐུང་སར་ རྒེད་འོག་གིས་ བདའ་བཟུན་ནི་དང་ མི་སེར་ཚུ་གིས་ སྙན་ཞུ་འབད་བ་ཅིན་ དེ་འཕྲོ་ལས་ རྒེད་འོག་ནང་ འབོ་ཞིནམ་ལས་ ཉིནམ་༡ ལཱ་འབད་བཅུག་ནི་དང་ ཐེངས་༢ པ་འབད་བ་ཅིན་ ཉིནམ་༢ ཚུན་ ལཱ་འབད་དགོ་ཟེར་ཨིན་པས།
ད་རུང་འདི་ལུ་མ་གནས་པར་ ཐེངས་༣ པ་འབད་བ་ཅིན་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་དེ་ ཁྲིམས་བསྟར་སྤྱོད་ འབད་ནི་ཨིནམ་མ་ཚད་ ཆང་བྱིན་མི་ལུ་ཡང་ སྒྲིག་གཞི་ལྟར་དུ་ ཉེས་ཁྲིམས་སྨིན་དགོཔ་ཡོདཔ་ལས་ ད་ཚུན་ མི་༤ དེ་ཅིག་ལུ་ ཉེས་རྒྱ་བཀལ་ཡི་ཟེར་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

བཟའ་གྲོགས་ལུ་ ཨམ་སྲུ་༤༤ ནག་ཚོང་འཐབ་པའི་ ཉེས་འཛུགས་ཀྱི་གྲོས་འདེབས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་འཛུགས་ཚུ་ལུ་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ། ༉ མི་ཌཱལ་ཨིསི་ལུང་ཕྱོགས་རྒྱལ་ཁབ་ཚུ་ནང་ འབྲུག་པའི་ཨམ་སྲུ་ཚུ་ ཉེས་ཚོང་འཐབ་ཡོད་པའི་ ཁ་ཉེས་ཕོག་མི་ ལས་སྡེ་ངོ་ཚབ་༣༠ ཡོད་མི་ལས་ རྒྱལ་གཞུང་ཁྲིམས་སྲུང་འགག་སྡེའི་ དམིགས་བསལ་ཞིབ་དཔྱད་སྡེ་ཚན་ཅིག་གིས་ རྩོད་དོན་༡ ཉེས་བཤེར་གྱི་དོན་ལུ་ འཕྲལ་ཁམས་ཅིག་ཁར་ …

Leave a Reply

Your email address will not be published. Required fields are marked *