ཆང་དང་སྨྱོ་རྫས་ལུ་ ལང་ཤོར་ཐལ་མི་ཚུ་ ཊའེ་ཀཱོན་ཌོ་རྩེདམོ་གི་ སྦྱང་བ་འབད་བའི་བསྒང་།

ཆང་དང་སྨྱོ་རྫས་ལུ་ ལང་ཤོར་ཐལ་མི་ཚུ་ ཊའེ་ཀཱོན་ཌོ་རྩོདམོ་གིས་ ཕན་ཐོགས་བྱུང་དོ་ཡོདཔ།

༉ ཐིམ་ཕུག་རྟ་བབ་ལུ་ སྨྱོ་རྫས་དང་ཆང་སྤྱོད་ནི་ལུ་ ལང་ཤོར་ཐལ་མི་༥༠ ལྷགཔ་ཅིག་གིས་ ཁོང་རང་ དྲག་ཐབས་དང་ ཞི་བདེ་འབྱུང་ཐབས་ལུ་ ཊའེ་ཀཱོན་ཌོ་རྩོདམོ་གི་ སྦྱོང་བརྡར་ལས་རིམ་ཅིག་ནང་ བཅའ་མར་གཏོགས་དོ་ཡོདཔ་ཨིན་པས།

སྦྱོང་བརྡར་ལས་རིམ་འགོ་འདྲེན་པ་ ཀུན་ལེགས་དཔལ་འབྱོར་གྱིས་ སླབ་མིའི་ནང་ ལོ་༡ གི་ལས་རིམ་དེ་ ཨེ་ཤི་ཡཱན་གོང་འཕེལ་གཞི་ཚོགས་ཀྱིས་ འཛམ་གླིང་ཊའེ་ཀཱོན་ཌོ་དང་མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ནི་ཨིན་ཟེར་ཨིན་པས།

དེ་འབདཝ་ད་ འབྲུག་ཊའེ་ཀཱོན་ཌོ་ཚོགས་སྡེ་གིས་ ལས་རིམ་ལུ་ རྒྱབ་སྐྱོར་ཧྲིལ་བུམ་བྱིན་དོ་ཡོདཔ་ད་ ལས་རིམ་དེ་ རྟ་བབ་རྐྱངམ་གཅིག་མེན་པར་ ཆུ་ཁ་རྫོང་ཁག་ རྟ་ནག་ལུངམ་དང་ སྤ་རོ་ལུ་ཡོད་པའི་ ཉམས་གསོ་བསྐྱར་གསོ་ལྟེ་བའི་ ན་གཞོན་བུཚ་དང་ བུམོ་ དེ་ལས་ རྒན་རྒས་ཚུ་ལུ་ སློབ་སྟོན་འབདཝ་ཨིན་པས།

བསྐྱར་གསོ་ལྟེ་བའི་ནང་ཡོད་མི་ རྒན་གཞོན་ཕོ་མོ་ཚུ་ལུ་ ད་ལྟོ་ཚུན་ བསླབ་བྱ་བྱིན་ནི་དང་ སྒོམ་རྐྱབ་ཐངས་ཚུ་ལུ་ གཙོ་བོར་བཏོན་ཡོདཔ་ཨིན་རུང་ ཨ་རྟག་འབད་བ་ཅིན་ གྲུབ་འབྲས་ལེགས་ཤོམ་གྱི་ ལས་སྣ་ཚུ་ལུ་ གཙོ་བོར་བཏོན་དགོཔ་ཨིན་པས།

དུས་ཅི་ སྤྱི་ཟླ་༢ པ་ལས་འགོ་བཙུགས་ ཉིན་བསྟར་བཞིན་དུ་ ཕྱི་རུའི་ཆུ་ཚོད་༤ ལས་༦ ཚུན་ ལུས་སྦྱོང་དང་ སྒོམ་རྐྱབ་ཡོདཔ་མ་ཚད་ བཅའ་མར་གཏོགས་མི་ཚུ་གིས་ ཊའེ་ཀཱོན་ཌོ་རྩེད་ཐངས་ཚུ་གི་ གཞི་གནས་ཚུ་ ལྷབ་སྦྱང་འབད་དོ་ཡོདཔ་ད་ དེ་ཡང་ མཛོག་ཕོག་བླུག་ནི་དང་ མཆོངས་ནི་ གཟུགས་ཕར་ཚུར་དང་ ཡར་དང་མར་འཐེན་ནི་ དེ་ལས་ ཀོ་རཱེན་གྱི་ ཁ་སྐད་ཚུ་ ལྷབ་དོ་ཡོདཔ་ཨིན་པས།

ལུས་སྦྱོང་འབད་བའི་ཤུལ་ལས་ སེམས་ལུ་ཞི་བདེ་འཐོབ་ནིའི་དོན་ལུ་ སྒོམ་རྐྱབ་ཞིནམ་ལས་ རང་སོའི་ཁྱིམ་ནང་ གཏང་དོ་ཡོདཔ་ཨིན་པས།

གསར་སྤང་ལས་ སྐྱེས་ལོ་༣༡ ལང་མི་ གོ་པཱལ་དེ་ ཆང་འཐུང་ནི་ལུ་ ལང་ཤོར་ཚུད་སོ་ནི་དེ་གིས་ ཁོ་རའི་མི་ཚེ་ནང་ གདོང་ལེན་བྱུང་བཞིན་དུ་ཡོདཔ་ལས་ བསྐྱར་གསོ་ལྟེ་བའི་ནང་ ལྷོད་པའི་རྗེས་སུ་ ཊའེ་ཀཱོན་ཌོ་སྦྱོང་བརྡར་ལས་རིམ་ནང་ བཅའ་མར་གཏོགས་པའི་ཤུལ་ལས་ དུས་ཚོད་བདག་འཛིན་འཐབ་ཚུགས་ཡི་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཁོ་རང་ སློབ་གྲྭ་དང་ མཐོ་རིམ་སློབ་གྲྭ་ཚུ་ནང་ སྡོད་པའི་རིང་ ཊའེ་ཀཱོན་ཌོ་རྩེད་ནིའི་ རེ་བ་སྦོམ་ཡོད་མི་དེ་ ད་རེས་མ་གཏོགས་ གོ་སྐབས་ལེན་མ་ཚུགས་ཟེར་ཨིནམ་ད་ ད་རེས་ ལྷབ་སྦྱང་འབད་མི་ལུ་བརྟེན་ རྩེད་རིགས་དེ་ ག་དེམ་ཅིག་ཁག་ཆེཝ་ཨིན་ན་དང་ རང་གི་སེམས་སྒྲིང་སྒྲི་དང་ བརྟན་ཏོག་ཏོ་སྦེ་ བདག་འཛིན་འཐབ་ནི་ དྲན་ཤེས་བཏོན་ནི་ ཉེན་སྲུང་སྦེ་སྡོད་ནི་ དེ་ལས་ སྒོམ་རྐྱབ་ཐངས་ཚུ་ ལེགས་ཤོམ་ར་ ཤེས་རྟོགས་བྱུང་ཡི་ཟེར་ཨིན་པས།

ཆ་རོགས་ཚུ་དང་གཅིག་ཁར་ དགའ་སྤྲོ་བྱུང་བའི་ཁར་ བསྐྱར་གསོ་ལྟེ་བའི་ ལས་རིམ་ཅིག་ནང་ གྲལ་གཏོགས་འབད་ཚུགས་ནི་དེ་གིས་ ཧེ་མའི་ལོ་རྒྱུས་བཟང་ངན་ཚུ་ བརྗེད་འགྱོཝ་མས་ཟེར་ གོ་པཱལ་གྱིས་ བཤདཔ་ཨིན་པས།

བུམ་ཐང་ལས་ སྐྱེས་ལོ་༤༠ ལང་མི་ བསྟན་འཛིན་དོན་གྲུབ་འབད་བ་ཅིན་ ཆང་འཐུང་ནི་ལུ་ ལང་ཤོར་ཐལ་མི་ཅིག་ཨིནམ་ད་ ཁོ་གིས་ ལྟེ་བའི་ནང་ལྷོད་ཞིནམ་ལས་ དུས་ཚོད་དང་འཁྲིལ་ སྦྱོང་བརྡར་འབད་ནི་དང་ སེམས་ཤུགས་བསྐྱེད་དེ་ ལཱ་འབད་ཚུགསཔ་འགྱོ་ཡི་ཟེར་ སླབ་ཨིན་པས།

ཧེ་མ་འབད་བ་ཅིན་ ཆང་འཐུང་ནི་ལུ་ ལང་ཤོར་ཚུད་ནི་དེ་གིས་ སེམས་གནས་པ་མེདཔ་ཅིག་ལུ་ གྱུར་ཡོད་རུང་ ད་རེས་ སྒྲིང་སྒྲི་བཞག་ཚུགས་པས་ཟེར་ སླབ་ཨིན་པས།

བསྐྱར་གསོ་ལྟེ་བའི་ནང་ འགོ་དང་པ་ལྷོདཔ་ད་ ལམ་འགྱོ་མ་ཚུགས་པའི་ཁར་ གཟུགས་སྤར་སྟེ་ གདོང་ལེན་ལེ་ཤ་བྱུང་མི་དེ་ ཉིན་བསྟར་བཞིན་དུ་ ལུས་སྦྱོང་དང་ ཊའེ་ཀཱོན་ཌོ་ལྷབ་སྦྱང་འབད་མི་དེ་གིས་ གཟུགས་སྟོབས་སྒྲིང་སྒྲི་བཞག་ཚུགས་རུང་ ཨ་རྟག་ག་ཨིནམ་སྦེ་ འགྱུར་ནི་ལུ་ དུས་ཚོད་ལེ་ཤ་འགོར་དོ་ཡོདཔ་ཨིན་པས།

བསྐྱར་གསོ་ལྟེ་བའི་ནང་ ལོ་ན་ཆུང་ཤོས་ཅིག་ཨིན་མི་ ཡེ་ཤེས་དབང་ཕྱུག་གིས་ སེམས་བདེ་སྐྱིད་ངང་སྡོད་མ་ཚུགས་མི་དེ་ ཁོ་རའི་ བྱང་ཕྱད་ངོ་མ་ཅིག་ཨིནམ་ད་ དེ་ཡང་ ཆང་འཐུང་ནི་ལུ་ ལང་ཤོར་ཐལ་ནི་དེ་གིས་ དཔེ་ཆ་ལྷབ་མ་ཚུགས་པའི་ བློ་འགྱོད་སྦོམ་བསྐྱེད་དགོཔ་བྱུང་རུང་ ལས་རིམ་དེ་གིས་ མ་འོངས་པའི་དོན་ལུ་ མི་ཚེ་གསརཔ་ཅིག་ བཟོ་ཚུགས་ནི་མས་ཟེར་ སླབ་ཨིན་པས།

སྤ་རོ་ལས་ སྐྱེས་ལོ་༥༦ ལང་མི་ དགའ་ཟ་གིས་ སླབ་མིའི་ནང་ སྤྱི་ལོ་༡༩༨༠ ལུ་ ཁོ་ར་ ཊའེ་ཀཱོན་ཌོ་རྩེད་མི་ཅིག་ཨིན་རུང་ ཆང་འཐུང་ནི་ལུ་ ལང་ཤོར་ཚུད་སོང་ནི་དེ་གིས་ མི་ཚེ་མེདཔ་བཏང་ནུག་ཟེར་ཨིན་པས།

བསྐྱར་གསོ་ལྟེ་བའི་ནང་ ལོ་༡ དེ་ཅིག་རིང་ བསླབ་སྟོན་དང་ བསླབ་བྱ་ བཀོད་བྱ་ སྦྱོང་བརྡར་ལས་རིམ་འགོ་འདྲེན་ཐོག་ལས་ སློབ་སྟོན་འབད་མི་ལུ་བརྟེན་ གཟུགས་ཁམས་སྒྲིང་སྒྲི་དང་ སེམས་ཁམས་ལུ་ ཞི་བདེ་བྱུང་བའི་ཤུལ་ལས་ རང་སོའི་ས་ཁོངས་ཚུ་ནང་བཏངམ་ད་ ཚ་གྱང་ལངམ་མས་ཟེར་ ལས་རིམ་འགོ་འདྲེན་པ་ ཀུན་ལེགས་དཔལ་འབྱོར་གྱིས་ བཤདཔ་ཨིན་པས།

ཁོ་གིས་སླབ་མི་དང་འཁྲིལཝ་ད་ ཚར་གཅིག་ རང་སོའི་ཁྱིམ་ནང་ལྷོད་ཞིནམ་ལས་ དུས་ཚོད་ཁར་ ལུས་སྦྱོང་དང་ ཞི་བདེའི་དོན་ལུ་ སྒོམ་རྐྱབ་ནི་ བཞེས་སྒོ་བཟའ་མ་ཚུགསཔ་ལས་ ལོག་སྟེ་ར་ ལང་ཤོར་མི་ཚུད་ག་ཟེར་བའི་ དོགས་པ་ཡོད་ཟེར་ཨིན་པས།

ཨིན་རུང་ ད་རེས་ སེམས་དགའ་དགོ་མི་དེ་ མང་ཤོས་ཅིག་གིས་ འབྲུག་ཊའེ་ཀཱོན་ཌོ་ཚོགས་སྡེ་ནང་ འཛུལ་ཞུགས་འབད་ནི་ཨིནམ་ལས་ དེ་ཅིག་གི་གནས་སྟངས་ དཀའ་སྡུག་ཅན་ནང་ མི་ལྷོད་དོ་འོང་ཟེར་ཨིན་པས།

བསྐྱར་གསོ་ལྟེ་བའི་ནང་ ཁོང་ཆ་ཁྱབ་ལུ་ འགྲུལ་འཕྲིན་མོ་བཱ་ཡལ་ཚུ་ འབག་ཐག་མ་ཆོག་མི་དེ་གིས་ ཕན་ཁྱད་བྱུང་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *