ཆང་གི་ཆོག་ཐམ་ གླ་ཁར་སྤྲོད་མི་ཚུ་ གཞུང་བཞེས་གཏང་ནིའི་ འོས་འབབ་བལྟ་ནི།

༉ ལྷན་རྒྱས་གཞུང་ཚོགས་ཀྱིས་ བསྟན་རྒྱས་ལྷན་ཁག་ལུ་ ཆང་གི་ སྦུང་ཚོང་ཆོག་ཐམ་དང་ སིལ་ཚོང་ཆོག་ཐམ་  གླ་ཁར་སྤྲོད་མི་ཚུ་ གཞུང་བཞེས་གཏང་ནིའི་ ཐབས་ལམ་བཏོན་དགོ་པའི་ བཀོད་རྒྱ་གནང་ཡོདཔ་ཨིན་པས།

ཨིན་རུང་ ལྷན་ཁག་ལུ་ ཆང་གི་ཆོག་ཐམ་ ངེས་བདེན་དགོས་མཁོ་བྱུང་མི་ཚུ་ལུ་ ཆོག་ཐམ་སྤྲོད་ནིའི་ འོས་འབབ་བལྟ་དགོཔ་སྦེ་ སླབ་སྟེ་ཡོདཔ་ད་ བཀོད་རྒྱ་དེ་ཡང་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་གྱིས་ སྤྱི་ཟླ་༥ པའི་ཚེས་༥ ལུ་ ཡི་གུ་བཏང་སྟེ་ བསྟན་རྒྱས་ལྷན་ཁག་ལུ་ བརྡ་ལན་འབད་ཡོདཔ་ཨིན་པས།

ལྷན་རྒྱས་གཞུང་ཚོགས་ཀྱི་ བཀོད་རྒྱ་དེ་ཡང་ བསྟན་རྒྱས་ལྷན་ཁག་གིས་ ཆང་གི་ སྦུང་ཚོང་ཆོག་ཐམ་དང་ སིལ་ཚོང་ཆོག་ཐམ་གྱི་ ཆོག་ཐམ་གསརཔ་ བྱིན་དགོ་པའི་ གྲོས་འཆར་ཕུལ་བའི་ ལན་གསལ་སྦེ་ གནང་ཡོདཔ་ཨིན་པས།

ལྷན་ཁག་གིས་ སྦུང་ཚོང་ཆོག་ཐམ་དང་ སིལ་ཚོང་ཆོག་ཐམ་གྱི་འཐུས་ བསྐྱར་ཞིབ་འབད་དགོཔ་སྦེ་ གྲོས་འཆར་བཙུགས་ཡོདཔ་ཨིན་པས།

ལྷན་རྒྱས་གཞུང་ཚོགས་ཀྱི་དྲུང་ཆེན་གྱིས་ བསྟན་རྒྱས་བློན་པོ་ལུ་ ཡི་གུ་བཏང་མི་དང་འཁྲིལཝ་ད་ སྦུང་ཚོང་ཆོག་ཐམ་དང་ སིལ་ཚོང་ཆོག་ཐམ་གྱི་འཐུས་ བསྐྱར་ཞིབ་འབད་མིའི་གྲོས་འདེབས་ལུ་ ད་རུང་ ཁ་སྐོང་བརྡ་དོན་དགོཔ་ལས་ གྲོས་འཆར་དེ་ ཆ་འཇོག་འགྲུབ་མ་ཚུགས་ཟེར་ཨིན་པས།

ལྷན་རྒྱས་གཞུང་ཚོགས་ཀྱིས་ བསྟན་རྒྱས་ལྷན་ཁག་དང་ གསོ་བ་ དེ་ལས་ དངུལ་རྩིས་ལྷན་ཁག་མཉམ་འབྲེལ་ཐོག་ལས་ ཆང་གི་ཆོག་ཐམ་ བཀག་ཆ་འབད་མི་དེ་ བསྐྱར་ཞིབ་འབད་བའི་སྐབས་ ཐབས་རིག་གི་ མཁས་མཆོག་ཚུ་དང་ གྲོས་བསྟུན་འབད་དགོཔ་སྦེ་ བཀོད་དེ་འདུག།

བསྟན་རྒྱས་ལྷན་ཁག་གི་ འགན་འཁྲི་ཅིག་སྦེ་ ལྷན་རྒྱས་གཞུང་ཚོགས་ཀྱིས་ སྦུང་ཚོང་དང་ སིལ་ཚོང་གི་ ཇོ་བདག་ཚུ་གིས་ ལག་ལེན་འཐབ་མི་ ཆོག་ཐམ་དང་ གླ་ཁར་བཏང་མི་ ཆོག་ཐམ་ཚུ་གི་སྐོར་ལས་ བརྡ་དོན་ཚུ་ བསྡུ་ལེན་འབད་དགོཔ་སྦེ་ སླབ་སྟེ་ཡོདཔ་ཨིན་པས།

དེ་མ་ཚད་ ལྷན་ཚོགས་ཀྱིས་ ལྷན་ཁག་ལུ་ གནས་ཚད་ཅན་གྱི་ ལྟ་བཤལ་ཁང་དང་ བཞེས་སྒོའི་མཐུན་རྐྱེན་ཡོད་པའི་ ཟ་ཁང་ཚུ་ལུ་ ཆང་གི་ཆོག་ཐམ་ སྤྲོད་མི་ཚུ་ཡང་ ལོག་བལྟ་དགོཔ་སྦེ་ སླབ་སྟེ་ཡོདཔ་བཞིན་དུ་ དེ་གིས་ སྤྱིར་བཏང་ཚོང་ལཱ་འབད་མི་ཚུ་ ཁེ་ཕན་འབྱུང་ཚུགས་ཟེར་ཨིན་པས།

བཀོད་རྒྱ་དང་འཁྲིལཝ་ད་ ལྷན་ཁག་གིས་ གོ་བ་བརྡ་སྤྲོད་ཐོག་ལས་ ཆང་འཐུང་ནི་མེད་པའི་ཉིནམ་ བསྟར་སྤྱོད་ལྷན་ཐབས་ཀྱི་ ཐབས་ལམ་དང་ ཆང་གི་ཆོག་ཐམ་ བཀག་ཆ་འབད་མི་ལུ་བརྟེན་ གྲོང་གསེབ་དང་ ཁྲོམ་ཁར་ ཕན་གནོད་ཚུ་ བསྐྱར་ཞིབ་འབད་དགོཔ་ཨིན་པས།

དེ་བཟུམ་སྦེ་ ལྷན་རྒྱས་གཞུང་ཚོགས་ཀྱིས་ ད་ལྟོ་ཡོད་པའི་ ཉུང་མཐའ་རྒྱང་རིང་ ཆང་ཁང་ལས་ སློབ་གྲྭ་དང་ གཙུག་སྡེའི་བར་ན་ དེ་ལས་ ཆང་ཁང་དང་ མི་རློབས་ཆ་ཚད་ཚུ་ཡང་ བལྟ་དགོཔ་སྦེ་ ལྷན་ཁག་ལུ་ བཀོད་རྒྱ་གནང་ཡོདཔ་བཞིན་དུ་ གྲོས་འདེབས་ཚུ་ འཕྲལ་མགྱོགས་ར་ ལྷན་རྒྱས་གཞུང་ཚོགས་ལུ་ ཕུལ་དགོཔ་ཨིན་པས།

བསྟན་རྒྱས་བློན་པོ་ ལོག་ནཱཐ་ཤར་མ་གིས་ སླབ་མིའི་ནང་ གནད་དོན་དེའི་ཐོག་ལུ་ ལྷན་རྒྱས་གཞུང་ཚོགས་ཀྱིས་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ་ལས་ ལྷན་ཁག་གིས་ གྲོས་འཆར་བཙུགས་མི་ གྲོས་ཆོད་དེ་ འཕྲལ་མགྱོགས་ར་ ཐག་བཅད་འོང་ཟེར་ཨིན་པས།

ང་བཅས་ཀྱིས་ ཆང་གི་ཆོག་ཐམ་ བཀག་ཆ་འབད་བའི་ ལག་ལེན་དངོས་བསྟར་ གནད་དོན་དང་ སྤྱིར་བཏང་ མི་མང་གི་ ཁེ་ཕན་གྱི་དོན་ལུ་ འབད་དགོཔ་ ག་ཅི་འདུག་གའི་སྐོར་ལས་ཡང་ ལྟ་དོ་ཟེར་ བསྟན་རྒྱས་བློན་པོ་གིས་ བཤདཔ་ཨིན་པས།

སྤྱི་ལོ་༢༠༡༠ ལུ་ བཀག་ཆ་འབད་མི་ ཆང་གི་ཆོག་ཐམ་དུས་ཚོད་དེ་ ན་ཧིང་ རྫོགས་ཡོད་རུང་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཆོག་ཐམ་ལུ་བརྟེན་ མི་ཚུ་གི་ འཚོ་བ་དང་ མི་མང་འཕྲོད་བསྟེན་ལུ་ ཕན་གནོད་སྦོམ་ཡོདཔ་ལས་ ལེགས་ཤོམ་སྦེ་ བལྟ་དགོཔ་འདུག་ཟེར་ཨིན་པས།

གཞུང་གིས་འབད་བ་ཅིན་ ཆང་ལུ་བརྟེན་ མི་ཚུ་གི་འཕྲོད་བསྟེན་ལུ་ གནོད་པ་ཡོད་མི་ལུ་ ཚ་གྱང་ཡོད་ལུགས་བཤདཔ་ད་ གཞུང་འབྲེལ་གྱི་ གནས་སྡུད་དང་འཁྲིལཝ་ད་ གནད་དོན་སོ་སོར་དང་ཕྱདཔ་ད་ ཆང་གིས་ མི་ལེ་ཤ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་སྦེ་ གསལ་བཀོད་འབད་ནུག།

བསྟན་རྒྱས་ལྷན་ཁག་གི་ འགོ་དཔོན་ཚུ་དང་འཁྲིལཝ་ད་ ལྷན་ཁག་ནང་འཁོད་ལུ་ ཆང་གི་ཆོག་ཐམ་ ལོག་བྱིན་དགོཔ་སྦེ་ གྲོས་འཆམ་བྱུང་ཡོདཔ་བཞིན་དུ་ ཆང་གི་ཆོག་ཐམ་གྱི་ བཀག་དམ་སྲིད་བྱུས་ ལག་ལེན་འཐབ་མི་དེ་གིས་ རྒྱལ་ཁབ་ནང་ ཆང་འཐུང་མིའི་གྱངས་ཁ་ མར་ཕབ་འབད་ཡོད་པའི་སྒྲུབ་བྱེད་ཅིག་ གསལ་བཀོད་འབད་འབདཝ་མེདཔ་ལས་ ཆང་གི་ཆོག་ཐམ་ གོ་ཡངས་གཏང་དགོཔ་འདུག་ཟེར་ཨིན་པས།

ཨིན་རུང་ ལྷན་ཁག་གིས་འབད་བ་ཅིན་ ཆང་གི་ཆོག་ཐམ་གོ་ཡངས་གཏང་རུང་ ཆང་འཐུང་ནི་ལུ་ལྷོདཔ་ད་ ཁྱད་པར་སྦོམ་བཟོ་ནི་བཟུམ་ཅིག་ མི་མཐོང་ནི་མས་ཟེར་ཨིན་པས།

རྒྱལ་ཁབ་ནང་ ཆང་གི་ཆོག་ཐམ་འཆང་མི་བསྡོམས་༤,༥༠༠ ཡོདཔ་བཞིན་དུ་ སིལ་ཚོང་ཆོག་ཐམ་འཆང་མི་༦༠༠ དེ་ལས་ སྦུང་ཚོང་ཆོག་ཐམ་འཆང་མི་༡༩༥ ཡོདཔ་ད་ ཆོག་ཐམ་གླ་ཁར་ལེན་པའི་སྐབས་ ཟླཝ་རེ་ལུ་ དངུལ་ཀྲམ་༥,༠༠༠ རེ་ སྤྲོད་དོ་ཡོདཔ་ཨིན་པས།

ཨིན་རུང་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དོན་ཚན་༢༨༤(ཇ)པ་ནང་ འབྲུག་མིའི་བར་ན་ ཆོག་ཐམ་ཚུ་ གླ་ཁར་ལག་ལེན་འཐབ་བཅུག་ནི་དེ་ ཚུལ་མིན་ཨིནམ་སྦེ་བཀོད་ནུག།

གསོ་བའི་ལོ་བསྟར་སྙན་ཞུ་༢༠༢༠ ཅན་མ་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ ཆང་འཐུང་མིའི་ཚད་གཞི་ མཐོ་དྲགས་སྦེ་ར་ཡོདཔ་ད་ ཆང་ལུ་བརྟེན་ མི་༥ ལས་༣ ལུ་ ཤི་རྐྱེན་བྱུང་དོ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *