ཆ་གླིང་གི་ མི་སེར་ཚུ་གིས་ བོན་པའི་ལྷ་ལུ་ ཚོགས་རྣམ་པ་སྣ་ཚོགས་ཕུལ་ཏེ་ དུས་ཟ་བརྩི་སྲུང་འབདཝ་ཨིན་པས།

ཆ་གླིང་ལུ་ དུས་ཟ་ཟེར་མི་ བོན་ལྷ་གསོལ་མཆོད་ མ་ཉམས་པར་ཡོདཔ།

༉ མོང་སྒར་ཆ་གླིང་རྒེད་འོག་ནང་ དུས་དང་ཕུ་ལས་ར་ བརྩི་སྲོལ་ཡོད་མི་ དུས་ཟ་ཟེར་མི་ བོན་ལུགས་ཀྱི་ ལྷ་གསོལ་ནི་དེ་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ སྔར་བཞིན་དུ་ འགོ་འདྲེན་འཐབ་མ་ཚུགས་རུང་ མི་སྤུངས་འཛོམས་མ་འབད་བར་ དུས་སྟོན་བརྩི་སྲུང་འབད་མི་དེ་གིས་ བོན་ལྷའི་གསོལ་མཆོད་ ཉམས་མེད་ཐོག་ གནས་ཡོད་པའི་ བརྡ་མཚོན་སྟོནམ་མས།

ཁ་ཙ་ མཇུག་བསྡུ་མི་ གསོལ་མཆོད་དེ་ མི་འཛོམས་འདུ་རུག་རུ་མེད་པར་ ཉིན་གྲངས་༣ གྱི་རིང་ བརྩི་སྲུང་འབད་ཡོདཔ་ད་ དེ་བསྒང་ བདེ་སྲུངཔ་ཚུ་གིས་ གསོ་བའི་སྒྲིག་གཞི་དང་འཁྲིལ་ མི་༢༥ ལས་ལྷག་ སྟེ་ སྤུངས་འཛོམས་འབད་ནི་མེདཔ་ ངེས་བརྟན་བཟོ་ནུག།

ཧེ་མ་འབད་བ་ཅིན་ བོན་ལྷ་མཆོད་སའི་ ས་གོ་དེ་ནང་ མི་ག་ར་ གཟབ་སྤྲོས་རྡིག་སྟེ་ གཡུས་ཚན་གྱི་སྦུག་ལུ་ཡོད་མི་ ལྷ་འུང་ངམ་ བར་བཙོང་ཟེར་སར་སྡོད་དེ་ བོན་པའི་ལྷ་ལུ་ ཚོགས་རྣམ་པ་སྣ་ཚོགས་ཕུལ་ཏེ་ ལས་རིམ་ཚུ་ སྤྲོ་བ་ཆེ་ཏོག་ཏོ་སྦེ་ བརྩི་སྲོལ་འབད་ནི་ཡོདཔ་ཨིན་པས།

ཨིན་རུང་ དུས་ཅི་ ནད་ཡམས་ལུ་བརྟེན་ གཟབ་སྤྲོས་རྡིག་མ་ཚུགས་པའི་ཁར་ སྤྲོ་བ་ཡང་ མ་བྱུང་ཟེར་  གྲོང་མི་ཅིག་གིས་ བཤདཔ་ཨིན་པས།

ཆ་གླིང་ལས་ དཔལ་མོ་གིས་ སླབ་མིའི་ནང་ དུས་ཟ་གི་ དུས་སྟོན་ནང་ གྲོང་གསེབ་ཀྱི་ མི་སེར་ཚུ་ ཆད་ལུས་མེད་པར་ འཛོམས་ནི་ཡོད་རུང་ ད་རེས་ནངས་པར་ ན་གཞོན་མང་ཤོས་ཅིག་ ཁྲོམ་ཁར་སྡོད་དེ་ ལམ་སྲོལ་དེ་ ཉམས་འགྱོ་ནི་གུ་ ཐུག་ཡོདཔ་མ་ཚད་ ནད་ཡམས་ཀོ་བིཌ་-༡༩ ལས་ ཐོ་ཕོག་ཡོད་རུང་ ནད་ཡམས་ཞི་བའི་ཤུལ་ལས་ སྔར་ལུགས་བཟུམ་སྦེ་ བརྩི་སྲུང་འབད་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།

ཨིན་རུང་ དུས་ཟའི་སྐབས་ རང་སོའི་ཁྱིམ་ནང་ ནང་མི་བཟའ་ཚང་ཚུ་གི་བར་ན་ བཞེས་སྒོ་རྡིག་རྡིགམ་བཟའ་སྟེ་ སྤྲོ་བ་སྟོན་དོ་ཟེར་ གཡུས་མི་ཅིག་གིས་ བཤདཔ་ཨིན་པས།

ལོ་༢ ཀྱི་བར་ན་ ཨ་རྟག་ར་ རང་ཟླ་༤ པའི་ཚེས་༨ ལས་༡༠ ཚུན་ བརྩི་སྲོལ་ཡོད་མི་ དུས་ཟ་དེ་  ད་རེས་ནངས་པར་ དུས་མཉམ་ལུ་ འབྲས་སྤུངས་རྒེད་འོག་དང་ མོང་སྒར་ཁྲོམ་གྱི་ ཉེ་འདབས་ལུ་ཡོད་པའི་ གཡུས་ཚན་ཚུ་ནང་ བརྩི་སྲུང་འབད་མི་དེ་ ཁ་ཙ་ མཇུག་བསྡུ་ནུག།

དུས་ཟའི་སྐབས་ལུ་ ཕམ་སྤུན་ཆ་དང་ ཕ་སྤད་མ་སྨད་ གཉེན་ཉེཝ་ཚུ་གིས་ ངོ་ཚ་ནི་ཚུ་ སྤངས་ཐོག་ལས་ ངོ་ཚ་བའི་ བཙོག་གཏམ་སླབ་མ་ཚད་ ཕོ་མཚན་དང་ མོ་མཚན་གྱི་ རྣམ་པ་མ་འདྲཝ་ཚུ་ཡང་ གསལ་སྟོན་འབདཝ་ཨིན་པས།

ད་རུང་ ཅོ་ཀ་ཤིང་གི་ ཞལ་ལག་ཚུ་གུ་ ཕོ་མཚན་བཟོ་མི་ཚུ་ ཕོ་མོ་གཉིས་ཆ་ར་གིས་ འབག་ཐོག་ལས་ ཕོ་སྐྱེས་དང་ ཨམ་སྲུའི་ལྟག་ལྐོག་གུ་བཀལ་ཏེ་ ལུས་འབྲེལ་འབད་གེ་ཟེར་བའི་ཚིག་ ཝ་ཡོ་ཟེར་ སྐད་རྐྱབ་ཅིག་ར་ བསྐོར་ར་རྐྱབ་འགྱོཝ་མ་ཚད་ མགྱོནམ་ཚུ་ལུ་ ཆང་དྲང་པའི་སྐབས་ལུ་ཡང་ ཤིང་གི་ཕོ་མཚན་རྣམ་པ་དེ་ ཨམ་སྲུ་ཚུ་གི་ ཆང་ཕོར་གུ་ བཀལ་ཐོག་ལས་ ཝ་ཡོ་ཚར་༣ སླབ་ཨིན་པས།

ཕྱི་མི་ཚུ་གིས་ ངོ་ཚ་དང་བྲལ་བའི་ བཙོག་གཏམ་དང་ ལུས་འབྲེལ་འབད་བའི་ ཚུལ་སྤྱོད་ཚུ་མཐོངམ་ད་ དགོད་བྲ་སི་སི་དང་ རྒན་གཞོན་དང་ ཕམ་སྤུན་ཆ་ཚུ་ལུ་ གུས་ཞབས་མེདཔ་ དེ་ལས་ རྩེདམོ་རྩེ་དོ་བཟུམ་སྦེ་ སྣང་བ་འབྱུང་ནི་ཨིན་རུང་ མི་སྡེའི་དོན་ལུ་ འབྱུང་བ་བཞིའི་ རྐྱེན་ངན་ཚུ་ལས་བཟློག་སྟེ་ རང་སོའི་བསམ་དོན་འགྲུབ་ནི་དང་ ཆར་ཆུ་དུས་སུ་འབབ་ ལོ་ཕྱུགས་རྟག་ཏུ་ལེགས་ནི་གི་ རིམ་གྲོ་གལ་གནད་ཅན་ཅིག་ཨིན་པས།

དེ་བཟུམ་སྦེ་ སྐྱིད་བདེ་མཁར་དང་ གཡུས་ཚན་གཞན་དག་པ་ཅིག་ནང་ དུས་ཟ་དེ་ ཨ་རྟག་ར་ ཟླཝ་༡ གི་རྒྱབ་ལས་ རང་ཟླ་༥ པའི་ཚེས་༨ དང་༩ གི་བར་ན་ བརྩི་དོ་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *